ཉེ་ལམ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་སྟག་ཐོག་ཞང་གིས་ཡིག་ཆ་ཨང་དང་པོའི་དགོངས་དོན་ལ་དམིགས་ཏེ། “སྒྲོག་འགྲེལ་དང་ཞབས་ཞུའི”བརྗོད་དོན་བྱེད་སྒོ་སྤེལ་ནས། ཞིང་ཕན་ཕྱུགས་ཕན་གྱི་སྲིད་ཇུས་གནད་ལ་འཁེལ་བའི་སྒོ་ནས་འབྲོག་ཁྱིམ་དུ་བསྒྲགས་པ་དེ་ནི། མགོ་ལོག་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་ཁྲི་གྲོང་གསེབ་ཏུ་བསྐྱོད་པའི་ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་གཞི་རིམ་གྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད།
སྲིད་ཇུས་སྒྲོག་འགྲེལ་གཏིང་ཟབ་དང་ནན་མོ་ཡོང་བར་བྱ་ཆེད། སྟག་ཐོག་ཞང་གིས་སྔོན་ལ་ཇུས་འགོད་དང་བྱེད་ཐབས་ཞིབ་ཚགས་བཟོས་ཏེ། ཆེད་དོན་སྒྲོག་འགྲེལ་ཚོགས་པ་བཙུགས་ནས། སྡེ་བ་དང་ཁྱིམ་ཚང་མཉམ་འབྲེལ་དང་འགན་འཁྲི་དོན་འཁྱོལ་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཏེ། ཁྱབ་ཁོངས་ཡོངས་ལ་ཁྱབ་པ་དང་གཅིག་ཀྱང་ལྷག་ལུས་མེད་པ་ཡི་སྒྲོག་འགྲེལ་རྣམ་པ་བསྐྲུན།
འབྲོག་ཁུལ་གྱི་ས་རྒྱ་ཆེ་བ་དང་འབྲོག་ཁྱིམ་ཁ་ཐོར་དུ་གནས་པའི་ཁྱད་ཆོས་ལ་དམིགས་ཏེ། སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཁ་ཆར་བུ་ཡུག་ལ་མ་འཛེམས་པར། ཐག་རིང་གི་ལུང་ཤོད་ན་ཡོད་པའི་སྦྲ་གུར་དང་འབྲོག་ས་རུ་བསྐྱོད་དེ། རྒྱ་བོད་སྐད་གཉིས་བརྗེ་རེས་ཀྱི་བྱེད་ཐབས་སྤྱད་དེ། སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ། སླར་ཡང་དབུལ་པོར་མི་འགྱུར་བའི་ལྟ་ཞིབ་ཚད་ལེན་སོགས་འབྲོག་པས་སེམས་ཁུར་བྱེད་ས་གཙོ་བོར་དམིགས་ཏེ། གོ་བདེ་བའི་སྐད་ཆའི་ལམ་ནས་སྲིད་ཇུས་ཀྱི་ནང་དོན་ལ་འགྲེལ་བཤད་བརྒྱབ་པ་དང་། ཉེ་འཁོར་གྱི་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་སྲིད་ཇུས་ཀྱི་ཕན་བདེའི་སྐོར་ལ་འགྲེལ་བཤད་བརྒྱབ་པ་ལས་གཞན། ཡུལ་དངོས་སུ་མང་ཚོགས་ཀྱི་དོགས་གནད་ལ་ངང་རྒྱུད་རིང་པོའི་སྒོ་ནས་ལན་གསལ་བོ་བཏབ། དེ་མིན་ད་དུང་འབྲོག་པའི་རེ་འདུན་ཟིན་ཐོ་ཞིབ་ཕྲར་བཀོད་པ་བཅས་བྱས་ཏེ། སྲིད་ཇུས་སྒྲོག་འགྲེལ་དེ་འབྲོག་ཁུལ་གྱི་དོན་དངོས་དང་སྔར་ལས་ཉེ་བ་དང་འབྲོག་པའི་དགོས་མཁོ་དང་སྔར་ལས་འཚམ་པར་བྱས།
ཐེངས་འདིའི་སྒྲོག་འགྲེལ་གྱིས་ཕྱི་ཚུལ་རིང་ལུགས་རྒྱང་དུ་དོར་ནས། སྒྲོག་འགྲེལ་དང་དོན་དངོས་སྒྲུབ་པ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཡོད། སྟག་ཐོག་ཞང་གིས་སྲིད་ཇུས་སྒྲོག་འགྲེལ་དང་དམངས་འཚོའི་ཞབས་ཞུ་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ཏེ། ཞང་འཕྲོད་བསྟེན་ཁང་དང་མཉམ་འབྲེལ་སྒོས་འབྲོག་ཁྱིམ་སོ་སོའི་སྒོ་ཁར་སྨན་བཅོས་ཞབས་ཞུ་སྐྱེལ་བའི་ལས་སྒོ་སྤེལ་ཏེ། འགྲོ་འདུག་སྟབས་བདེ་མིན་པའི་ལོ་ལོན་དང་འབྲོག་པར་རིན་མི་དགོས་པར་ལུས་པོར་བརྟག་དཔྱད་བྱས་པ་དང་། ཡུལ་དངོས་ནས་སྨན་བཅོས་འགན་སྲུང་ནང་ཞུགས་པ་དང་འགྲོ་སོང་རྩིས་ཞུ་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་སྐོར་ནས་གསལ་ཁ་བཏོད། དུས་མཚུངས་སུ། ལས་དོན་མི་སྣས་འབྲོག་ཁྱིམ་ལ་འཚོ་བའི་དངོས་ཟོག་དང་སྲིད་ཇུས་དྲིལ་བསྒྲགས་ལག་དེབ་སྤྲད་དེ། ཞབས་ཞུ་དྲོན་མོ་འབྲོག་པའི་སྒོ་ཁ་རུ་སྐྱེལ་ནས། སྲིད་ཇུས་དོན་འཁྱོལ་དང་མང་ཚོགས་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུས་ཏེ། སྲིད་ཇུས་སྒྲོག་འགྲེལ་དང་དམངས་འཚོའི་ཕན་པ་གཉིས་ཀ་མངོན་འགྱུར་བྱས།