ཉེ་ལམ། གསར་འགོད་པས་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཁྲིམས་ཁང་དེས་ཉེ་ལམ《བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས། རང་རེའི་ཞིང་ཆེན་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་རྩ་གནད་ལག་བསྟར་བྱེད་པར་ཞབས་འདེགས་ཞུ་རྒྱུ་དང་འགན་སྲུང་བྱ་རྒྱུའི་སྐོར་གྱི་ལས་ཀའི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས། ཕྱོགས་བདུན་གྱི་ཐད་ནས་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་ནུས་འདོན་སྤེལ་ཧུར་ཐག་བྱས་ཏེ། རང་རེའི་ཞིང་ཆེན་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་རྩ་གནད་ལག་བསྟར་བྱེད་པར་ཞབས་འདེགས་ཞུ་རྒྱུ་དང་འགན་སྲུང་བྱ་རྒྱུའི་ཐད་བཀོད་སྒྲིག་ཞིབ་མོ་བྱས།
《བསམ་འཆར》དེ《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་རྩ་གནད》ཀྱི་དམིགས་འབེན་དང་ལས་འགན་གཙོ་བོར་དམིགས་ཏེ། ཞིབ་དཔྱོད་འགན་ནུས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཞིབ་ཕྲའི་བྱེད་ཐབས་ཁག18བཟོས་པ་རེད། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ་དང་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། ཞིབ་དཔྱོད་འགན་ནུས་ཁྱོན་ཡོངས་ནས་གང་ལེགས་བསྒྲུབ་དགོས་ཤིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་ལས་ཀའི་དམིགས་བསལ་ཁ་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་ནན་ཏན་བྱེད་པ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ས་ཁོངས་ལས་བརྒལ་བ་དང་འབབ་རྒྱུད་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤྱི་ཕན་གཏུག་བཤེར་གྱོད་གཞི་སྒྲུབ་སྟངས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་ཐུབ་པར་སྐུལ་འདེད་གཏོང་དགོས། ཆུ་ཚད་སྔར་ལས་མཐོ་བའི་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། 《མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས》ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོང་བརྟན་པོ་བྱེད་པ་དང་། མི་རིགས་སོ་སོའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོང་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ཉེས་གསོག་ལ་ཁྲིམས་ལྟར་ཉེས་ཆད་ནན་མོ་གཅོད་པ། ནག་འཇོམས་ངན་སེལ་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་གཏོང་བ། ཐོན་སྐྱེད་བདེ་འཇགས་དང་འབྲེལ་བ་ཡོད་པའི་ཉེས་གསོག་ལ་ཉེས་ཆད་ནན་མོ་གཅོད་དགོས། འཕྲིན་བཅར་གནད་དོན་གཅིག་སྡུད་སྒོས་ཐག་གཅོད་བྱེད་པའི་ཆེད་དོན་བྱ་སྤྱོད་ཏན་ཏིག་ངང་སྤེལ་ནས། སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོར་འཛུགས་པ་དང་། ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པ། ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་གཏོར་བཤིག་གཏོང་བའི་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་གཅོད་པ། ཁྲོམ་ར་གཙོ་བོ་ཁག་གི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་འདྲ་མཉམ་ངང་སྲུང་སྐྱོབ་བྱེད་པ། “སྲིད་གཞུང་དང་ཞིབ་དཔྱོད་མཉམ་འགུལ”ལམ་སྲོལ་དོན་འཁྱོལ་ནན་ཏན་བྱེད་པ། ཐོན་ལས“གནས་བཞིའི”འཛུགས་སྐྲུན་བཀོད་སྒྲིག་དམ་ཟབ་བྱས་ནས། མཚོ་སྔོན་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཤེས་བྱའི་ཐོན་དབང་གི་ཞིབ་དཔྱོད་སྲུང་སྐྱོབ་སྤུས་རྟགས་བསྐྲུན་དགོས། དམངས་དོན་དུ་ཞིབ་དཔྱོད་བྱེད་པའི་དམིགས་ཡུལ་ལག་བསྟར་གཏིང་ཟབ་བྱེད་པ་དང་། གཏུག་བཤེར་བྱེད་ནུས་ཅུང་ཞན་པའི་དོ་བདག་ལ་ཞུ་གཏུག་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ངལ་རྩོལ་པ་དང་ལྷག་པར་དུ་བབ་བསྟུན་ལས་ཞུགས་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ཁེ་དབང་གི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། དམིགས་བསལ་ཚོགས་སྤྱིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བཅས་བྱེད་དགོས། “བཟོད་སྒོམ་གཏན་ནས་མི་བྱེད་པའི”སྒོ་ནས་ནར་མ་སོན་པའི་མི་ལ་གནོད་འཚེ་གཏོང་བའི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་། ནར་མ་སོན་པའི་མིའི་ཉེས་གསོག་སྔོན་འགོག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། “དམངས་འཚོར་ཞིབ་དཔྱོད་སྲུང་སྐྱེལ”གྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་ནས། དམངས་གྱི་ཆེད་དུ་ཞིབ་དཔྱོད་ལས་དོན་ཡག་པོ་གཉེར་དགོས། སྤུས་ཚད་དང་ཕན་འབྲས་ཆེ་བའི་གྱོད་དོན་ཐག་གཅོད་ལམ་ལུགས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་ཡང་དག་བྱས་ཏེ། གྲངས་འཛིན་ཅན་དང་རིག་ནུས་ཅན་ལ་བརྟེན་ནས། ཞིབ་དཔྱོད་ལས་དོན་གྱི་སྤུས་ཚད་མངོན་སུམ་གྱིས་ཇེ་མཐོར་གཏོང་དགོས་པའི་བླང་བྱ་བཏོན།