དྭངས་གསལ་གུང་གསེང་སྐབས་སུ་སྤྱི་ཚོགས་ཡོངས་ཀྱི་ཁུལ་ཁོངས་ལས་བརྒལ་བའི་མི་སྣའི་འཁོར་རྒྱུག་ཚད་སྔོན་རྩིས་བྱས་ན་མི་ཐེངས་དུང་ཕྱུར་བརྒྱད་བྱེ་བ་བཞི་ལ་སླེབས།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

ཚེས6ཉིན་ནི་དྭངས་གསལ་གུང་གསེང་གི་ཆེས་མཇུག་མཐའི་ངལ་གསོའི་ཉིན་མོ་ཡིན་ལ། རྒྱལ་ཡོངས་སུ་ཕྱིར་སྐྱོད་ཕྱིར་ལོག་གི་མཐོ་རླབས་སུ་སླེབས། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་གཞི་གྲངས་ལས་མངོན་པ་ལྟར་ན། ཉིན་གསུམ་གྱི་གུང་གསེང་རིང་། སྤྱི་ཚོགས་ཡོངས་ཀྱི་ཁུལ་ཁོངས་ལས་བརྒལ་བའི་མི་སྣའི་འཁོར་རྒྱུག་ཚད་སྔོན་རྩིས་བྱས་ན་མི་ཐེངས་དུང་ཕྱུར་བརྒྱད་བྱེ་བ་བཞི་ལ་སླེབས་ནས། ཉིན་རེར་ཆ་སྙོམས་ཀྱིས་མི་ཐེངས་དུང་ཕྱུར་གཉིས་བྱེ་བ་བརྒྱད་ཟིན་པ་དེ། ན་ནིང་གི་དུས་མཉམ་ལས་ཧ་ལམ6%འཕར་ཡོད། དེའི་ནང་ལྕགས་ལམ་དང་གཞུང་ལམ་གྱི་ཉིན་དང་པོའི་འགྲུལ་སྐྱེལ་ཚད་ལོ་རྒྱུས་ཀྱི་དུས་མཉམ་ལས་མཐོ་བ་རེད།

ཚེས6ཉིན། རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་རྩིས་བྱས་ན་འགྲུལ་པ་མི་ཐེངས་བྱེ་བ་གཉིས་དང་འབུམ་བརྒྱད་སྐྱེལ་འདྲེན་བྱས་ལ། འགྲུལ་སྐྱེལ་མེ་འཁོར་ཆིག་སྟོང་སུམ་བརྒྱ་རེ་དགུ་ཇེ་མང་དུ་བཏང་། ས་གནས་མང་པོའི་མེ་འཁོར་འབབ་ཚིགས་སུ་ལམ་ཐག་ཐུང་བ་ནས་ཕྱིར་ལོག་པའི་འགྲུལ་པ་འབྱོར་ནས། གནས་སྐབས་འགྲུལ་སྐྱེལ་མེ་འཁོར་ཇེ་མང་དུ་བཏང་བར་མ་ཟད།  ཤུགས་འགྲེམས་མེ་འཁོར་བསྐྱར་འབྲེལ་དང་མྱུར་ཚད་དཀྱུས་མའི་མེ་འཁོར་ཇེ་མང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྐྱེལ་འདྲེན་ནུས་པ་ཆེ་རུ་བཏང་།

གཞུང་ལམ་གྱི་ཕྱོགས་ནས། ཚེས6ཉིན། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་མོ་དང་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་མྱུར་བགྲོད་གཞུང་ལམ་གྱི་ཤར་བགྲོད་གནོན་ཤུགས་ཅུང་ཆེ་བ་དང་། ལྷག་པར་དུ་གྲོང་ཁྱེར་ཆེ་འབྲིང་གི་འཛུལ་སྒོའི་ལམ་མཚམས་དང་ལྗོངས་ཁུལ་ཉེ་འདབས་ཀྱི་ལམ་མཚམས། འབྲི་ཆུ་དང་རྒྱ་མཚོའི་རྒྱུ་ལམ་གྱི་གནོན་ཤུགས་ཅུང་ཆེ།འགྲིམ་འགྲུལ་སྡེ་ཁག་གིས་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས། རླངས་འཁོར་འགྲོ་སྐྱོད་ཀྱི་གནས་ཚུལ་ལ་གཞིགས་ཏེ་འཕྲལ་བསྟུན་འཁོར་ལམ་བེད་སྤྱོད་བྱེད་སྟངས་ལེགས་སྒྲིག་བྱས་ནས། ཤར་བགྲོད་བདེ་བླག་ཡོང་བར་འགན་སྲུང་བྱས། རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་དུ་འདུག་སྟེགས་བདུན་དང་བདུན་མན་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་རིན་མེད་འགྲོ་སྐྱོད་དུས་ཚོད་ཚེས6ཉིན་གྱི་ཆུ་ཚོད24བར་རེད།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སྐྱེལ་འདྲེན་ཞབས་ཞུ་སི་ཡི་སི་ཀྲང་གཞོན་པ་དབྱང་ཡུང་གིས་བཤད་རྒྱུར།སྒེར་གྱི་རླངས་འཁོར་སྐོར་ནས་ཕྱིར་སྐྱོད་དང་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱིས་ལྗོངས་ཁུལ་ལ་སྐུལ་ཁྲིད་བྱས་ནས། མགྲོན་ཁང་དང་རླངས་འཁོར་གླ་གཏོང་འཛད་སྤྱོད་ཐད་གྲངས་གནས་གཉིས་འཕར། གཞན་ད་རུང་ཕ་ཡུལ་དུ་ལོག་ནས་དུར་མཆོད་བྱེད་པ་དང་། གྲོང་གསེབ་དུ་ཡུལ་སྐོར་ལ་འགྲོ་བ་དེས་གྲོང་གསེབ་ས་ཁུལ་ལ་མི་འཁོར་དུ་བཅུག་ནས། འཛད་སྤྱོད་ལྟེ་བའི་གྲོང་ཁྱེར་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁུལ་ཁོངས་ཧྲིལ་པོར་ཁྱབ་པར་སྐུལ་འདེད་བཏང་།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།