ཟླ4པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་ནས་གནས་ཚུལ་འབྱོར་བ་ལྟར་ན། དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་སྐབས་སུ་ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་སྡེ་ཁག་གིས“མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མཐོ་བའི”འདུ་ཤེས་བརྟན་པོ་ཆགས་ནས“རྟག་ཏུ་བློ་མི་བདེ་བའི”འགན་འཁྲི་ཁུར་སེམས་ཐོག་ནས་བདེ་འཇགས་འགོག་ཟོན་གྱི་ལས་དོན་ཁག་དམ་འཛིན་ཏན་ཏིག་བྱས་ཤིང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས། ཟླ4པའི་ཚེས6ཉིན་གྱི་ཕྱི་དྲོའི་ཆུ་ཚོད16བར་ཞིང་ཆེན་ཡོངས་སུ་ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་དང་རང་བྱུང་གནོད་འཚེ་ཅུང་ཆེན་པོ་དང་དེའི་ཡན་བྱུང་བའི་སྙན་ཞུ་འབྱོར་མེད་པས། དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་སྐབས་སུ་བདེ་འཇགས་བརྟན་བརླིང་གི་ལས་དོན་སྒྲུབ་པའི་དམིགས་འབེན་ལེགས་གྲུབ་བྱུང་ཡོད།
དུས་ཆེན་སྔ་རོལ་དུ་ཞིང་ཆེན་ནགས་ཚལ་རྩྭ་ཐང་མེ་འགོག་མེ་གསོད་བཀོད་འདོམས་པུའུ་ཡི་གཞུང་སྒྲུབ་ཁང་དང་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་བརྙན་རིས་བཀོད་གཏོང་ཚོགས་འདུ་མཉམ་འབྲེལ་སྒོས་བསྡུས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་འཕྲལ་བསྟུན་དོ་དམ་པུའུ་ཡི་དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་གི་བདེ་འཇགས་འགོག་ཟོན་བྱ་བའི་བརྙན་རིས་བཀོད་གཏོང་ཚོགས་འདུའི་དགོངས་དོན་ཆེད་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། དེང་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་དྲོད་ཚད་བསྐྱར་འཕར་མགྱོགས་པ་དང་། ཞིང་ལས་ཐད་མེ་སྤྱོད་གཅིག་སྡུད་ཡིན་པ། མཆོད་འབུལ་སྤྲོ་འཆམ་མི་སྣ་མང་དུ་ཕྱིན་པ། ནགས་ཚལ་རྩྭ་ཐང་གི་མེ་ཡི་ཉེན་ཁའི་རིམ་པ་ཅུང་མཐོ་བ་བཅས་ཀྱི་རྙོག་འཛིང་ཆེ་བའི་རྣམ་པར་དབྱེ་ཞིབ་གནད་ལ་འཁེལ་བ་བྱས་ཏེ། ནགས་ཚལ་རྩྭ་ཐང་གི་མེ་འགོག་མེ་གསོད་དང་བགྲོད་ལམ་འགྲིམ་འགྲུལ། རིག་གནས་ཡུལ་སྐོར་གནས་ཡུལ། མི་སྣ་མང་འདུས་གནས་ཡུལ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་འགོག་ཟོན་ལས་དོན་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ། ས་ཁོངས་དང་སྡེ་ཁག ཁེ་ལས་བཅས་ཕྱོགས་གསུམ་གྱི་འགན་འཁྲི་རིམ་པ་བཞིན་དངོས་འབེབས་བྱས་ནས་ལས་ཀའི་སྒྲིལ་ཤུགས་གཅིག་ཏུ་བསྡུས་ཡོད། ཞིང་ཆེན་འཕྲལ་བསྟུན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་གིས་ཉིན་རེའི་བརྙན་རིས་བཀོད་གཏོང་ལམ་སྲོལ་བཙུགས་ནས། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་འདོམས་དང་ཉེན་ཁར་ཞིབ་གཅོད་གནད་ལ་འཁེལ་བར་བྱས་པ་དང་། ལས་ཀའི་རྣམ་པ་འགུལ་རྣམ་ལ་བརྟེན་ནས་ཁོང་དུ་ཆུད་པར་བྱས་ཏེ་བཀོད་སྒྲིག་ཁག་གི་བླང་བྱ་དེ་གཞི་རིམ་དུ་ཐད་ཀར་བསྐྱོད་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་།
གུང་གསེང་སྐབས་སུ་ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་སྡེ་ཁག་གིས་འགག་སྒོ་མདུན་སྤོ་དང་འགོ་ཁུངས་འཛིན་སྡོམ་རྒྱུན་འཁྱོངས་བྱས་ཏེ། མེ་ཟོན་དང་བགྲོད་ལམ་འགྲིམ་འགྲུལ། ནགས་ཚལ་རྩྭ་ཐང་གི་མེ་འགོག་མེ་གསོད་སོགས་གཙོ་གནད་ལས་རིགས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ། ཞིབ་ཚགས་རྣམ་པའི་མངོན་མེད་རྐྱེན་ངན་ལེབ་བཤེར་བཅོས་སྒྲིག་བྱས་ཤིང་། མངོན་མེད་རྐྱེན་ངན་ཞིབ་ཐོ་དང་ཐོ་བསུབ་དོ་དམ་ལག་བསྟར་བྱས་ནས་མ་གྲངས་གསལ་པོ་དང་གནས་ཚུལ་གསལ་བ། དག་ཐེར་ཏན་ཏིག་བཅས་བྱས་ནས། བདེ་འཇགས་ལ་གནོད་པའི་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་སེལ། ནགས་ཚལ་རྩྭ་ཐང་གི་མེ་ཡི་ཉེན་ཁར་དམིགས་ཏེ་ཕྱི་རོལ་གྱི་མེ་ཁུངས་འཛིན་སྡོམ་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ནས། ཚན་རྩལ་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡ་དང་ཤེས་དཔལ་ལྡན་པའི་མཆོད་འབུལ་ཁྲིད་སྟོན་ལ་ཤུགས་བསྣན་པ་དང་། འགོ་ཁུངས་ནས་མེ་སྐྱོན་གྱི་ཉེན་ཁ་འགོག་ཟོན་བྱས། འཕྲལ་བསྟུན་ལས་རེས་མི་སྣ300ལྷག་གིས་ལས་གནས་བརྟན་སྲུང་དང་འགན་འཁྲི་ལེགས་སྒྲུབ་བྱས་ལ། ཞིང་ཆེན་རིམ་པ་དང་དེ་བཞིན་རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་ལས་རྐང་དུ་ལས་སྒྲུབ་གྲ་སྒྲིག་དང་མདུན་དུ་བཅའ་སྡོད་བྱས་ཏེ། ཉེན་རྟོག་པར་ཡར་ཞུ་ཞུས་པའི་གནས་ཚུལ་སྣ་ཚོགས་ཆོད་ཆེའི་ངང་ཐག་གཅོད་བྱས་ནས་བདེ་འཇགས་ལས་འཛོལ་ཚབས་ཆེན་མི་བྱུང་བའི་ཚད་མཐའ་ཏན་ཏིག་གིས་སྲུང་བ་རེད།