ཟླ4པའི་ཚེས3ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་རྫོང་སྔོན་གཤེགས་དཔའ་བོའི་བང་སོ་དང་། དམར་དམག་ལུང་པའི་གསར་བརྗེའི་གནས་རྙིང་ལྟེ་བར་བཟུང་སྟེ། དྭངས་གསལ་དུས་ཚིགས་ཀྱི་དུར་མཆོད་དང་གསར་བརྗེའི་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། དམར་དམག་རྒྱང་སྐྱོད་བྱེད་སྐབས་མཚོ་སྔོན་བརྒྱུད་མྱོང་བའི་དམར་པོའི་བག་ཆགས་དེ་བླ་སྲོག་བསྐྲུན་མཁན་གྱི་སློབ་གཞིར་བསྒྱུར་ནས་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དང་རྒྱང་སྐྱོད་ཀྱི་སྙིང་སྟོབས་མདོ་དབུས་མཐོ་སྒང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱས།
བརྗིད་ཉམས་ལྡན་པའི་རྫོང་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་ལས་རིགས་སོ་སོའི་འཐུས་མིས་མེ་ཏོག་དཀར་པོ་བཏགས་ནས་གྲལ་ལོགས་པོར་བསྒྲིགས། རྒྱལ་གླུའི་ཁྲོད་སྤྱི་བདེའི་གུས་དམག་གིས་གོམ་སྟབས་བརྟན་པོ་སྤོས་ནས་མེ་ཏོག་སི་ར་ཕུལ་བ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མིས《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་ཡིན》ཞེས་པའི་གླུ་དབྱངས་སྐད་གསང་མཐོན་པོས་བླངས་ཤིང་། བྱིས་པ་ཚོའི་གླུ་སྐད་ལས་སྔོན་གཤེགས་དཔའ་བོར་རྗེས་དྲན་དང་ཡི་རང་བྱེད་ཀྱིན་པ་མཚོན་ཡོད། པད་མ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྫོང་དྲག་ཆས་པུའུ་ཡི་པུའུ་ཀྲང་ཧྥེང་ཁྲང་ཝུའེ་ཡིས་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚབ་བྱས་ཏེ། གསར་བརྗེའི་སྔོན་གཤེགས་དཔའ་བོར་བླ་ན་མེད་པའི་གུས་འདུད་དང་མྱ་ངན་ཞུས། དེའི་རྗེས་སུ་མི་སྣ་ཡོངས་ཀྱིས་རིམ་པ་བཞིན་མེ་ཏོག་ཕུལ་ནས་མྱ་ངན་ཞུས།
ཉིན་དེར་པད་མ་རྫོང་གི་སློབ་གསོ་སྡེ་ཁག་གིས“རྒྱང་སྐྱོད་ལམ་བུར་སླར་ཡང་བསྐྱོད་ནས་སྔོན་གཤེགས་དཔའ་བོའི་བླ་སྲོག་ལ་དུར་མཆོད་བྱེད”ཅེས་པ་བརྗོད་དོན་དུ་བཟུང་སྟེ། དམར་དམག་ལུང་པའི་གསར་བརྗེའི་གནས་ཡུལ་རྙིང་པར་བསྐྱོད་སྟེ་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་བཏང་། དམར་དམག་ལུང་པའི་དྲན་གསོ་ཁང་དུ་དགེ་སློབ900ལྷག་ཙམ་གྱིས་གསར་བརྗེའི་དངོས་པོ་དང་ལོ་རྒྱུས་པར་རིས་བརྒྱུད་ནས1936ལོར་དམར་དམག་དཔུང་ཁག་གཉིས་པ་དང་བཞི་པས་ལམ་བར་དུ་པད་མ་དང་དམག་དམངས་སེམས་མཐུན་གྱི་གསར་བརྗེའི་གཏམ་རྒྱུད་བསྐྱར་དྲན་བྱས་ཤིང་། དམར་དམག་རྒྱང་སྐྱོད་ཀྱི་ལམ་བུ་འཚོལ་ཞིབ་དང་། གསར་བརྗེའི་དཔེ་ཀློག་དང་མྱོང་ཚོར་མཉམ་སྤྱོད་བྱས། རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་ཀརྨ་ཡིས་ཀྲུའུ་ཏེ་ཡི་ཁང་རྙིང་གནས་ཁུལ་དུ་དམར་དམག་གི་གཏམ་རྒྱུད་བཤད་པ་ལས་དམག་དམངས་ཀྱི་བརྩེ་དུང་ཟབ་མོ་སླར་ཡང་ཀུན་གྱི་སེམས་སུ་འཇགས་པར་བྱས་།
ཐེངས་འདིའི་བྱེད་སྒོ་ནི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་སྙིང་སྟོབས་ཀྱི་ཉམས་སད་ཅིག་ཡིན་ལ། བླ་སྲོག་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་བསམ་བློའི་ཆབ་སྲིད་ཀྱི་ལག་ལེན་ཞིག་ཀྱང་རེད། པད་མ་རྫོང་གིས་དྭངས་གསལ་དུས་ཚིགས་གོ་སྐབས་སུ་བཟུང་སྟེ་གསར་བརྗེའི་གཞི་རྒྱུ་དང་རྒྱང་སྐྱོད་ཀྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་བརྒྱུད་སྤེལ་ཐུབ་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཀྱི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་རྫོང་ཡོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་བསྩལ་ཡོད།