དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་སྐབས་གང་སར་དཔྱིད་ཀྱི་དཔལ་ཡོན་རྒྱས་པ་དང་། མི་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་ཕྱི་རུ་སོང་ནས་དཔྱིད་ཀའི་མཛེས་པར་རོལ་མྱོང་བྱས་ཏེ་ས་གནས་སོ་སོའི་རིག་གནས་ཡུལ་སྐོར་འཛད་སྤྱོད་མཐོ་རུ་ཕྱིན།
དཔྱིད་ཀའི་མེ་ཏོག་རབ་ཏུ་བཞད། ཨན་ཧུའེ་ཏང་ཧྲན་དུ་ས་མུའུ་བཞི་འབུམ་ཅན་གྱི་སིལ་སྡོང་མེ་ཏོག་གིས་ལྟད་མོ་བ་ཆེས་མང་པོའི་དུས་སྐབས་བསུས་པ་དང་། ཡུག་གཅིག་ཏུ་འབྲེལ་བའི་མེ་ཏོག་གི་རྒྱ་མཚོ་ནི་སྟོན་གྱི་བ་མོ་དང་དགུན་ཁའི་ཁ་བ་དང་འདྲ་ལ། དེས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་མང་པོ་བཀུག ད་ལོར། ས་གནས་ཀྱིས་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་འཁྲབ་དང་འཛད་སྤྱོད་ལས་རྣམ་གསར་པ་མཉམ་འདྲེས་གཏིང་ཟབ་བྱས་ཏེ། མི་རྣམས་ཀྱིས་དཔྱིད་ཀའི་རིག་གནས་ཡུལ་སྐོར་གྱི་སྤྲོ་སྣང་སྣ་ཚོགས་ལོངས་སུ་སྤྱོད་བཞིན་ཡོད། ཞིན་ཅང་ཁ་ཧྲི་རུ། ཅིན་ཧུའུ་དབྱང་མཛེས་ལྗོངས་ཁུལ་དུ་སྡོང་རྐང་ཉིས་འབུམ་ལྔ་ཁྲིའི་ཡུལ་རྒྱན་མེ་ཏོག་རབ་ཏུ་བཞད་ནས། དཔྱིད་ཀའི་ཧུའུ་དབྱང་ནགས་ཚལ་དང་མཉམ་དུ་ཐུན་མོང་མ་ཡིན་པའི་ཡིད་འོང་རི་མོ་ཞིག་བྲིས་ཡོད། ཡུལ་སྐོར་བས་མེ་ཏོག་གི་རྒྱ་མཚོར་རོལ་མྱོང་བྱེད་བཞིན་ཡོད། ཧྲན་ཞི་ཐའེ་ཡོན་དུ། ས་མུའུ་སྟོང་གི་ཁམ་བུའི་མེ་ཏོག་རི་ཁུག་ཏུ་བཞད་པ་དང་གྲོང་མི་ཡུལ་སྐོར་བ་མང་པོ་དེར་ཡོང་ནས་གུང་གསེང་གཏོང་བཞིན་ཡོད། མཚོ་སྔོན་དཔའ་ལུང་དུ་རྨ་ཆུའི་འགྲམ་ངོགས་ཀྱི་ཁམ་བུའི་མེ་ཏོག་ཚང་ཚིང་དུ་བཞད་ཅིང་། མཛེས་ལྗོངས་དང་། ཞིམ་ཟས། གཟུགས་འདས་ཤུལ་བཞག་རིག་གནས། དམངས་སྲོལ་བཅས་གཞི་གཅིག་ཅན་གྱི་རིག་གནས་ཡུལ་སྐོར་ཉམས་ལེན་གྱིས་ཡུལ་སྐོར་བ་མང་པོ་བཀུག་ཡོད།
ཡུལ་སྐོར་བ་ཝེ་ཅིན་ལེན་གྱིས་བཤད་རྒྱུར། ད་ལོའི་ཁམ་བུའི་མེ་ཏོག་བཞད་པ་ཧ་ཅང་མཛེས། རི་ལུང་ཀུན་ཏུ་བཞད་པའི་ཁམ་བུའི་མེ་ཏོག་དཀར་པོ་རྨ་ཆུའི་འགྲམ་དུ་བཞད་པས་སྣང་བ་སྐྱིད་ཟེར།
གུང་གསེང་འདིར་སློབ་གྲྭ་ཆུང་འབྲིང་མང་པོ་ཞིག་གིས་དཔྱིད་ཀའི་གུང་གསེང་ཐོག་མ་བཏང་བ་དང་འཁེལ་བས་ཁྱད་ཆོས་ལྡན་པའི་བྱེད་སྒོ་སྣ་ཚོགས་སྤེལ་ནས། ཡུལ་སྐོར་ཁྲོམ་ར་སྔར་བས་ཇེ་ལེགས་སུ་ཕྱིན་ཡོད། ཀྲེ་ཅང་རིག་གནས་ཡུལ་སྐོར་སྡེ་ཁག་གིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར11དང་མཉམ་འབྲེལ་བྱས་ནས། མཛེས་ལྗོངས་ཁུལ276གི་པ་སེ་རིན་གོང་ཇེ་དམའ་དང་ཁྱིམ་ཚང་གཟིགས་སྐྱོང་སྲིད་ཇུས་བཏོན་ནས། གྲོང་མི་དང་ཡུལ་སྐོར་བར་ནང་དོན་ཕུན་སུམ་ཚོགས་པ་དང་དངོས་ཕན་གཟིགས་སྐྱོང་གི་ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་བསྐྲུན་ཡོད། སི་ཁྲོན་གྱི་ས་ཆ་མང་པོའི་ཞིབ་འཇུག་སློབ་སྦྱོང་ཚོགས་པ་གྲོང་གསེབ་ཏུ་བསྐྱོད་ནས་ཞིང་རྨོ་ཉམས་ལེན་དང་། གཟུགས་འདས་ཤུལ་བཞག་རིག་གནས་བརྩམས་ཆོས། གསར་བརྗེའི་སློབ་གསོ་སོགས་ལག་ལེན་རྣམ་གྲངས་ཁྲོད་ཞུགས་པ་རེད། ཀུའེ་ཀྲོའུ་ལེ་ཧྲན་ཞིས་ཅང་སྟོང་ཁྱིམ་མེའོ་ཀྲའེ་སྡེ་བའི་མཛེས་ལྗོངས་ཁུལ་དུ་དཔྱིད་ཀའི་གུང་གསེང་སྐབས་ཀྱི་སློབ་མའི་འགྲོ་འོང་མང་དུ་ཕྱིན།
ཡུལ་སྐོར་བ་ཙིན་སི་དབྱི་ཡིས་བཤད་རྒྱུར། ཉེ་ཆར་དཔྱིད་གནང་བཏང་བས་ཨ་ཕྱིས་ང་ཚོ་ཁྲིད་ནས་ཡོང་བ་ཡིན། ངས་བསམ་ན་འདི་གའི་ལྭ་བ་ཧ་ཅང་མཛེས། མགོ་རྒྱན་སྟེང་དུའང་མེ་ཏོག་ཡོད་པ་རེད། ང་ཕྱིར་སོང་རྗེས་སློབ་གྲོགས་ཚོར་མཉམ་རོལ་བྱེད་ངེས་ཡིན་ཟེར།
རྣམ་པ་གསར་བས་གསོན་ཤུགས་གསར་བ་འཕེལ་བར་བྱས། ནང་སོག་གི་ཨི་ཨར་ཏུའོ་སི་རུ། མི་རྣམས་ཀྱིས་གཞོན་ནུའི་ཚོགས་པ་དང་། ཚོན་རྩིའི་རི་མོ། ཡིག་གཟུགས་ཚོགས་པའི་རླུང་གཡབ་ཀྱི་ལག་རྩལ་བཅས་སློབ་སྦྱོང་བྱེད་པའི་ལག་ལེན་ཁྲོད་དྭངས་གསལ་དུས་ཚིགས་ཀྱི་གོམས་སྲོལ་དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཛེས་པ་ཉམས་སུ་མྱོང་བཞིན་ཡོད། ཀོང་ཏུང་ཏུང་ཀོན་ལོ་བརྒྱའི་ཁྲོམ་རྙིང་དུ། ས་གནས་ཀྱིས་ལྷོ་ཕྱོགས་ཐོག་ཁང་གི་གནའ་བོའི་ཁྲོམ་གཞུང་རྣམ་པ་ཆ་ཚང་སོར་ཉར་བྱས་ཡོད་པ་དང་། ཟོང་རྟགས་རྙིང་བ་དང་ས་གནས་རིག་གནས་ཉར་ཚགས་བྱས་པ་མ་ཟད། རྒྱལ་ཁབ་ཀྱི་སྲོལ་རྒྱུན་རིག་གནས་གསར་གཏོད་དང་རླབས་རྒྱུན་གྱི་ཁྲོམ་ར་སོགས་ན་གཞོན་ཅན་གྱི་ལས་རྣམ་གསར་པ་ནང་འདྲེན་བྱས་ཏེ། གྲོང་མི་ཚོས་དཔྱིད་ཀར་ཕྱི་རུ་བསྐྱོད་པ་དང་འཛད་སྤྱོད་གསར་པ་ཉམས་ལེན་བྱེད་པའི་གནས་སུ་གྱུར་ཡོད།
དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་སྐབས་མཛེས་ལྗོངས་ཁུལ་ཆེ་གྲས་ཁག་ཏུ་འགྲུལ་པ་མང་བའི་དུས་སུ་སླེབས་ཡོད། ཧྲན་ཞི་ཞིང་ཆེན་གྱི་ཧྭ་ཧྲན་དུ། ས་གནས་སོ་སོའི་ཡུལ་སྐོར་བ་ཕྱི་རུ་བསྐྱོད་དེ་དཔྱིད་དཔལ་ལ་རོལ་བས། ཉིན་གཅིག་གི་འགྲུལ་བ་སྣེ་ལེན་ཚད་མི་ཐེངས་ཉིས་ཁྲི་ལས་བརྒལ་བ་དང་། ལོ་སྔོན་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་30འཕར་ཡོད། ལེའོ་ཉིན་ཨན་ཧྲན་གྱིས་རི་བོ་ཆན་ཧྲན་གྱི“ཉིན་གཉིས་ཡུལ་སྐོར”བྱེད་སྒོ་སྤེལ་བ་དང་། ཐོ་འགོད་བྱས་རྗེས་སྤ་སེ་གཅིག་སྤྱད་དེ་ཉིན་གཉིས་ལ་ཡུལ་སྐོར་བྱས་ཆོག་པས། ཚང་མས་དཔྱིད་དཔལ་ཉམས་སུ་མྱོང་བར་དུས་ཚོད་འདང་ངེས་ཡོད་དུ་བཅུག ཀན་སུའུ་ཐེན་ཧྲུའེ་རུ་རི་བོ་མའེ་ཅི་ཧྲན་བྲག་ཕུག་ཏུ་འགྲུལ་པ་མང་པོ་ཐོན་པ་དང་། མཛེས་ལྗོངས་ཁུལ་གྱི་སྤ་སེ་ཞིབ་བཤེར་འགག་སྒོ་ཚང་མ་སྒོ་ཕྱེ་ནས་ཚང་མ་བདེ་བླག་ངང་འགྲོ་སྐྱོད་ལ་འགན་སྲུང་བྱེད་པ་དང་ལྷན་དུ། མཛེས་ལྗོངས་ཁུལ་དུ་ད་དུང་རི་བོ་མའེ་ཅི་ཧྲན་ནས་དྲང་སྲོང་བྲག་རི་སོགས་ཉེ་འཁོར་མཛེས་ལྗོངས་ཁུལ་དུ་རིན་མེད་ངང་བསུ་ལེན་བྱེད་པའི་རླངས་འཁོར་ཤར་གཏོང་བྱས་ཏེ། ཡུལ་སྐོར་བས་ལྟ་སྐོར་བྱེད་པར་སྟབས་བདེ་བསྐྲུན་ཡོད། ཁྲུང་ཆིང་གི་ཧྥིན་ཅེ་འགག་གསུམ་གྱི་མཛེས་ལྗོངས་ཁུལ་དུ། ཡུལ་སྐོར་བ་ཚོས་མཐོ་སྙེགས་རྒྱང་ལྟ་བྱས་ནས་ཆུས་ཐང་འགག་གི་བརྗིད་ཆགས་མཛེས་སྡུག་ལྡན་པའི་བཀོད་པ་ལ་བལྟས་པ་དང་དཔྱིད་ཀྱི་སྤྲོ་གསེང་ལོངས་སུ་སྤྱད།