2025ལོར་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩས་བསྡོམས་པས་རིགས་སོ་སོའི་རྣམ་གྲངས་ཁྲི5.88ལ་རོགས་རམ་བྱས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2025ལོར་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩས་བསྡོམས་པས་རིགས་སོ་སོའི་ཚན་རིག་ཐེབས་རྩའི་རྣམ་གྲངས་ཁྲི5.88ལ་རོགས་རམ་བྱས་པ་དང་། རོགས་སྐྱོར་འགྲོ་གྲོན་སྒོར་དུང་ཕྱུར370.69ལ་སླེབས་ཡོད། ངོས་འཛིན་གཅིག་མཐུན་མིན་པའི་རྣམ་གྲངས་གལ་ཆེན་ཚོད་ལྟ་ལག་བསྟར་བྱས་པ་དང་། དམངས་གཉེར་ཁེ་ལས་གསར་གཏོད་འཕེལ་རྒྱས་མཉམ་འབྲེལ་ཐེབས་རྩ་བཙུགས་ཏེ། ཚོགས་པའི་རིགས་ཀྱི་རྣམ་གྲངས་ཁྲོད་ན་གཞོན་ཚོགས་པར་འགྲན་ལམ་ཁེར་རྐྱང་དུ་བཙུགས་པ་དང་། ཐོག་དང་པོར་ན་གཞོན་ཚན་རིག་ཐེབས་རྩའི་རྣམ་གྲངས(AདངBརིགས)ཁྲོད་དུ"ཚན་རིག་ལག་ཆའི"རིགས་ཀྱི་འགྲན་ལམ་བཙུགས་ནས། གོ་ལ་ཧྲིལ་པོར་ཕྱོགས་པའི་ཚན་རིག་ཞིབ་འཇུག་ཐེབས་རྩ་གཏིང་ཟབ་སྒོས་ལག་བསྟར་བྱས།

ཉེ་ཆར། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་དུ་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བསྡུས་ཤིང་། དེ་ནི་གསར་འགོད་པས་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བའི་ཆ་འཕྲིན་རེད།

རྒྱུས་ལོན་པ་ལྟར་ན། འདས་ཟིན་པའི་ལོ་གཅིག་རིང་། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་ཨུ་ཡོན་ལྷན་ཁང་གིས་རྨང་གཞིའི་ཞིབ་འཇུག་མ་ལག་ཅན་གྱི་བཀོད་སྒྲིག་ལ་ཤུགས་བསྣན་པ་དང་། ཚན་རིག་ཐེབས་རྩའི་ཤེས་ལྡན་མི་སྣའི་རོགས་རམ་རྣམ་པ་བསྐྱར་དུ་བསྐྲུན་པ། ཚན་རྩལ་འཐབ་ཇུས་ཀྱི་བློ་འདྲི་ལ་ཤུགས་སྣོན་པ། གོ་ལ་ཧྲིལ་པོའི་ཚན་རིག་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཚན་རིག་ཞིབ་འཇུག་གི་ཡིད་རྟོན་འཛུགས་སྐྱོང་ལ་ཤུགས་སྣོན་པ། ཚན་རྩལ་ཐོན་ཁུངས་རྩ་ཆེན་དེ་གསར་གཏོད་ཀྱི་གསོན་ཤུགས་ཆེ་ཤོས་ལྡན་པའི་ལས་ཡུལ་དང་པོའི་ཚན་ཞིབ་མི་སྣ་ལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། ལོ་འཁོར་གྱི་རོགས་རམ་དོ་དམ་གྱི་ལས་དོན་སོ་སོ་ཕུན་སུམ་ཚོགས་པའི་སྒོ་ནས་ལེགས་འགྲུབ་བྱུང་།

རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཏོའུ་ཞན་ཁང་གིས་བསྟན་དོན། 2026ལོར་རྨང་གཞི་ཞིབ་འཇུག་གི་འཐབ་ཇུས་རང་བཞིན་དང་། རྒྱང་ལྟའི་རང་བཞིན། མ་ལག་ཅན་བཅས་ཀྱི་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚན་རིག་ཐེབས་རྩའི་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ། རོགས་རམ་གྱི་ཕན་ནུས་རྒྱུན་མཐུད་ངང་མཐོ་རུ་གཏོང་བ། ཤེས་ལྡན་མི་སྣའི་ནུས་ཕྱོད་མ་ལག་ཇེ་ལེགས་སུ་གཏོང་བ། རྨང་གཞིའི་ཞིབ་འཇུག་གི"དམག་དཔུང་སྟོབས་ཆེན"གཏོད་པ། སྣ་མང་ཞིབ་འཇུག་གི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་རྒྱ་ཆེར་གཏོང་བ། རྒྱལ་སྤྱིའི་ཚན་རྩལ་སྤེལ་རེས་མཉམ་ལས་རྒྱ་ཆེར་གཏོང་བ། ཚོགས་པས་སློབ་སྲོལ་ལེགས་བཅོས་བྱེད་པ། དྲང་གཞག་གཞུང་དྲང་གི་རྣམ་གྲངས་ཞིབ་དཔྱད་ཁོར་ཡུག་བསྐྲུན་པ། ཚན་རིག་ཞིབ་འཇུག་གི་སྐྱེ་ཁམས་བཟང་པོ་བསྐྲུན་པ། ཚན་རིག་ཐེབས་རྩའི་རྒྱལ་ཁབ་གསར་གཏོད་མ་ལག་ཁྲོད་ཀྱི་རྨང་གཞིའི་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ནུས་པ་འདོན་སྤེལ་སྔར་བས་ལེགས་པོ་བཅས་བྱས་ཏེ། གསར་གཏོད་རྨང་གཞིའི་ཞིབ་འཇུག་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།