ཝུའུ་ཞའོ་ཅུན་གྱིས་ཨོ་སི་ཁྲུ་རི་ཡའི་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱི་མཐོ་རིམ་འཐུས་ཚབ་ཚོགས་པར་ཐུགས་འཕྲད་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ4པའི་ཚེས3ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་ཨོ་སི་ཁྲུ་རི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་གྲོས་དཔོན་སི་ཐའོ་ཐེ་ཡིས་སྣེ་ཁྲིད་པའི་ཨོ་སི་ཁྲི་རི་ཡའི་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱི་མཐོ་རིམ་འཐུས་ཚབ་ཚོགས་པར་ཐུགས་འཕྲད་བྱས།

ཝུའུ་ཞའོ་ཅུན་གྱིས་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་བྱས། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ།  ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཧྥན་ཏེ་པེ་ལུན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད། ད་ལོ་ནི་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་བར་འབྲེལ་བ་བཙུགས་ནས་ལོ་55འཁོར་བའི་ལོ་ཡིན་པས། རྒྱལ་ཁབ་གཉིས་བར་གྱི་བརྗེ་རེས་དང་མཉམ་ལས་ཐད་གོ་སྐབས་གསར་པ་བསུས་ཡོད། མཚོ་སྔོན་ནི་ས་གོ་ལའི་གླིང་སྣེ་གསུམ་པར་གནས་པ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང“ཀྲུང་ཧྭའི་ཆུ་མཛོད”ཀྱི་མཚན་སྙན་ཡོད་པ་དང་། ཐོན་ཁུངས་དང་ནུས་ཁུངས་ཀྱི་སྐྱེས་སྟོབས་དང་ཁྱད་སྟོབས་འབུར་ཐོན་ཡིན་ལ། ཀྲུང་གོ་དང་ཐ་ན་ཨེ་ཤེ་ཡའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་བླངས་ཡོད་པས། བློ་བརྟན་འགྱུར་མེད་ངང་ལྗང་མདོག་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཧུར་ཐག་གིས་བསྐྱོད་བཞིན་ཡོད། ང་ཚོས་ཨོ་སི་ཁྲུ་རི་ཡ་ཕྱོགས་དང་མཉམ་དུ་སྐྱེ་ཁམས་སྲུང་སྐྱོབ་དང་། ལྗང་མདོག་ཚུལ་སྒྱུར། གངས་འཁྱགས་དཔལ་འབྱོར། སྲོལ་རྒྱུན་སྨན་བཅོས་སོགས་མངའ་ཁོངས་ཐད་རིམ་པ་མང་བ་དང་། མངའ་ཁོངས་རྒྱ་ཆེ་བའི་འགྲོ་འོང་བརྗེ་རེས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་གཞུང་བརྗེ་རེས་དང་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་ཆེད་བྱས་རྗེས་འཇོག་འདོད་ཡོད།

སི་ཐའོ་ཐེ་ཡིས་མཚོ་སྔོན་གྱིས་སྤྲོ་སེམས་འཁོལ་བའི་སྣེ་ལེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་ས་ཁོངས་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཀྱི་ཐད་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་བྱས། ཕྱོགས་གཉིས་ཀྱིས་རྒྱུན་མཐུད་འཕེལ་རྒྱས་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ། གངས་འཁྱགས་ཡུལ་སྐོར་སོགས་ཐད་བརྗེ་རེས་དང་ལག་ལེན་ཉམས་མྱོང་མཉམ་སྤྱོད་བྱས་ནས། ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་མཛའ་བརྩེའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་མཉམ་དུ་སྟོབས་ཤུགས་འབུལ་རྒྱུའི་རེ་བ་ཡོད་ཅེས་བཤད།

དབྱང་ཧྥིན་ཁྲུན་དང་ཀྲུའུ་ཞང་ཧྥུན། ཁྲེང་ཅི་ཝེ། རྒྱལ་ཡོངས་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་ཀྱི་འབྲེལ་ཡོད་བློ་མཐུན་བཅས་ཐུགས་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།