དཔྱིད་དུས་ཐུན་རིན་དུ་བསྐྱོད་ཅེས་པའི་བཅར་འདྲིའི་ཚན་ཆུང་ཐུན་རིན་གྲོང་ཁྱེར་རེབ་གོང་རིག་གནས་སྒྱུ་རྩལ་གླིང་དུ་བསྐྱོད་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཐུན་རིན་གྲོང་ཁྱེར་རེབ་གོང་རིག་གནས་སྒྱུ་རྩལ་གླིང་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རོང་བོ་གྲོང་རྡལ་སེང་གེ་གཤོང་མ་འགོ་རུ་ཆགས་ཡོད་ལ། སྤྱི་ལོ2024ལོའི་ཟླ5བར་དངོས་སུ་སྒོ་འབྱེད་བྱས་པ་དང་། སྤྱིའི་རྒྱ་ཁྱོན་ལ་ས་མུའུ9ཡོད་པ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ2170ཡོད།  དེ་ནི་རེབ་གོང་སྲོལ་རྒྱུན་གྱི་རིག་གནས་སྒྱུ་རྩལ་དར་སྤེལ་གཏོང་ས་ཞིག་སྟེ། ཐང་ཁ་གསར་བཞེངས་དང་། འཛུགས་སྐྲུན་གྱི་ཚོན་རིས་དང་རི་མོ་སྣ་ཚོགས་ཇུས་འགོད་བྱེད་ས།  གཙགས་དྲུབ་གསར་བཞེངས་དང་ཕྱིར་ཚོང་བྱེད་ས། སྤྱི་ཕན་གྱི་བྱེད་སྒོ་སྤེལ་ས་བཅས་ཀྱི་དམངས་གཉེར་ཁེ་ལས་ཞིག་རེད། སྒྱུ་རྩལ་ཁང་གི་འགན་འཁུར་བ་སྐུ་ཞབས་དགེ་འདུན་ནི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རེབ་གོང་སྒྱུ་རྩལ་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དང་། ཞིང་ཆེན་རིམ་པའི་བཟོ་རིག་མཛེས་རྩལ་མཁས་ཅན། མཚོ་སྔོན་ཞིང་ཆེན་རེབ་གོང་སྒྱུ་རྩལ་ཐང་གའི་དཔྱད་འདེམ་པ་ཞིག་ཀྱང་ཡིན།

རེབ་གོང་རིག་གནས་སྒྱུ་རྩལ་སྔར་ལས་དར་སྤེལ་གཏོང་ཆེད།  རྨ་ལྷོ་ཁུལ་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཁུལ་དང་རྫོང་རིག་གནས་གཙོ་གཉེར་སྡེ་ཁག་གིས་ཤུགས་ཆེན་པོས་རྒྱབ་སྐྱོར་འོག་ཏུ།  སྒྱུ་རྩལ་ཁང་དེས་སློབ་སྦྱོང་དང་གསོ་སྦྱོང་། ཞིབ་འཇུག  གསར་གཏོད་བཅས་ཀྱི་བྱ་བ་གཙིགས་སུ་བཟུང་སྟེ། སྤུས་ཚད་དང་རྩལ་ནུས་མཐོ་བའི་ཤེས་ལྡན་པ་མང་པོ་སྐྱེད་སྲིང་བྱས་པ་དང་། རིག་གནས་རྒྱུན་འཛིན་གྱི་ཐད་ནས་ཀྱང་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་བླངས་པ་མ་ཟད། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་རབ་དང་རིམ་པ་བཞག་ཡོད། དེ་བས་སྒྱུ་རྩལ་ཁང་འདི་ལ་ཁུལ་རིམ་པའི་“དངོས་མིན་རིག་གནས་ཤུལ་བཞག་ཕྱོགས་བསྡུས་སྤེལ་སྦྱོང་ལྟེ་གནས”སུ་གཏན་འཁེལ་བྱས་པ་རེད།

སྒྱུ་རྩལ་ཁང་འདི་བཙུགས་པ་ནས་བཟུང་མི་གཞི་རྩ་བར་བཟུང་ནས་རེབ་གོང་ཐང་ཁའི་སྒྱུ་རྩལ་དང་བཟོ་སྐྲུན་ཚོན་རིས་ཀྱི་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ། སྲུང་སྐྱོབ་ཀྱི་ལས་དོན་སྒྲུབ་བཞིན་ཡོད་ལ། སྒྱུ་རྩལ་ཁང་གི་ནང་དུ་སློབ་དཔོན་ཆེན་མོ་དགེ་འདུན་གྱི་ཐང་ཁ་བརྩམས་ཆོས་དང་བཟོ་སྐྲུན་ཚོན་རིས་སྒྱུ་རྩལ་གྱི་རི་མོ་འགྲེམ་སྟོན་བྱེད་ས་དང་། གསར་གཏོད་ཞིབ་འཇུག་ཁང་། རི་མོ་ཁང་། ཡིག་ཆ་ཉར་ཚགས་ཁང་སོགས་ཡོད་ཅིང་། སྔོན་བྱོན་སྒྱུ་རྩལ་པའི་བརྩམས་ཆོས་དང་དེང་རབས་བཟོ་རིག་མཛེས་རྩལ་མཁས་ཅན་གྱི་སྤུས་ལེགས་བརྩམས་ཆོས་ཉར་ཚགས་བྱས་ཡོད་པས་སློབ་སྦྱོང་དང་ཞིབ་འཇུག་གི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད་པ་མ་ཟད། ཉར་ཚགས་ཀྱི་རིན་ཐང་ཆེན་པོ་ལྡན་པ་དང་།  སློབ་དཔོན་ཆེན་མོ་དགེ་འདུན་གྱི་ལག་ནས་ཐོན་པའི་བརྩམས་ཆོས་ནི་ཇུས་འགོད་ཁྱད་མཚར་བ་དང་། བཀོད་པ་ཚགས་དམ་པ་དང་ཞིབ་ཅིང་ཕྲ་བ། མི་སྣའི་སྣང་བརྙན་ལ་འགུལ་རྣམ་གྱི་ཚོར་བ་ཡོད་པ་དང་། ལངས་གཟུགས་ཀྱི་ཚོར་བ་ཡོད་པའི་དབང་གིས་རྒྱལ་ཁབ་ཕྱི་ནང་གི་མི་མང་པོས་ཁོའི་བརྩམས་ཆོས་ལ་དགའ་སྣང་ཡོད་པ་དང་ཉར་ཚགས་བྱས་པ་རེད།

སྒྱུ་རྩལ་ཁང་གིས་ཀྲུང་གོའི་བཟོ་རིག་མཛེས་རྩལ་སློབ་དཔོན་ཆེན་མོ2དང་། རེབ་གོང་རིག་གནས་ཞིབ་འཇུག་ཆེད་མཁས་པ་གཉིས། ཞིང་ཆེན་རིམ་པའི་བཟོ་རིག་མཛེས་རྩལ་སློབ་དཔོན་ཆེན་མོ5། ཁུལ་རིམ་པའི་བཟོ་རིག་མཛེས་རྩལ་སློབ་དཔོན15། རྫོང་རིམ་པའི་བཟོ་རིག་མཛེས་རྩལ་སློབ་དཔོན20།དམངས་ཁྲོད་ཀྱི་ཕུལ་བྱུང་སྒྱུ་རྩལ་པ18། དོ་དམ་མི་སྣ5། ཞབས་ཞུ་མི་སྣ4བཅས་དམིགས་བསལ་གྱི་གདན་ཞུ་བྱས་པ་རེད། སྒྱུ་རྩལ་སློབ་གླིང་དུ་ད་ལྟ་སློབ་མ40ལྷག་ཡོད།  སྒྱུ་རྩལ་ཁང་གིས་ལོ་རེར་སྤུས་ལེགས་ཐང་ཁ200ལྷག་གསར་བཞེངས་བྱས་པ་དང་། ཐང་ཁ་རེ་ཕྱི་ཕྱོགས་སུ་ཕྱིར་ཚོང་བྱེད་པའི་རིན་གོང་སྒོར་ཁྲི3ནས་ཁྲི4བར་ཡིན་ལ། ལོ་རེར་ཐོན་སྐྱེད་བྱས་པའི་ཡུལ་སྐོར་ཐོན་རྫས2000ལྷག་ཡོད་པ་དང་། ཐོན་རྫས་རེར་ཕྱི་ཕྱོགས་སུ་ཕྱིར་ཚོང་བྱེད་པའི་རིན་གོང་སྒོར500ལྷག་ཡིན། སྒྱུ་རྩལ་སློབ་གླིང་གི་འཕེལ་རྒྱས་ནི་རྒྱལ་ཁབ་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ལས་དོན་ཁྱོན་ཡོངས་ལ་དམ་པོར་དམིགས་པ་དང་། སྒྱུ་རྩལ་སློབ་གླིང་འདི་བཙུགས་པ་ནས་བཟུང་ལོ་རེར་དབུལ་ཕོངས་སློབ་མ40ལྷག་བསྡུ་ལེན་བྱས་ཏེ། སློབ་ཡོན་དང་། བཟའ་བཅའ།  སྡོད་ཁང་སོགས་ལ་སྐར་གང་ཡང་མི་བསྡུ་བར་ཐང་ཁ་དང་འཛུགས་སྐྲུན་ཚོན་རིས་ཀྱི་སྒྱུ་རྩལ་རྩལ་ནུས་སོགས་སློབ་མཐར་ཕྱིན་རག་ཏུ་སློབ་ཁྲིད་བྱས་པས་སློབ་མ་མང་པོས་རང་ཉིད་ཀྱི་རྩལ་ནུས་ལ་བརྟེན་ནས་བརྩམས་ཆོས་གསར་གཏོད་བྱས་ནས་ལས་དབང་ལ་ཁ་ལོ་བསྒྱུར་ཐུབ་པ་བྱུང་། སྒྱུ་རྩལ་སློབ་གླིང་གིས་སློབ་མ400ལྷག་གསོ་སྐྱོང་བྱས་པ་དང་། དེའི་ནང་གི་མི300ལྷག་ཙམ་ད་ཆ་ངེད་སྒྱུ་རྩལ་ཁང་གི་ཤེས་ལྡན་ཕུལ་བྱུང་མི་སྣ་རུ་གྱུར་ཡོད། ཕྱོགས་གཉིས་ཀས་འབད་བརྩོན་འོག་དབུལ་ཕོངས་དུད་ཁྱིམ200ལྷག་ཙམ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པས། ས་གནས་དེ་གའི་དབུལ་སྐྱོར་ལས་དོན་ལ་ནུས་པ་ཅུང་ལེགས་པོ་ཐོན་ཡོད། དེ་དང་ཆབས་ཅིག་སྒྱུ་རྩལ་ཁང་འདི་བཙུགས་་ནས་བཟུང་ཐང་ཁ་ཕྱིར་འཚོང་ཡོང་འབབ་ཁྲོད་ནས་ཆ་ཤས་ཤིག་སློབ་སྦྱོང་གི་་ཡོ་བྱད་དང་གྱོན་ཆས་སོགས་ཉོ་དགོས་པ་དང་།གཞན་ཆ་ཤས་ཤིག་ལུང་ཁུག་གི་གྲོང་གསེབ་ཀྱི་སློབ་གྲྭ་དང་བུ་བཅོལ་ཁང་དུ་ཞལ་འདེབས་སུ་ཕུལ་བ་དང་ས་གནས་དེ་གའི་མི་རིགས་སློབ་གསོ་འཕེལ་རྒྱས་གཏོང་བར་ནུས་ཤུགས་ཕྲན་བུ་རེ་བཏོན་ནས་ཁུལ་ཡོངས་ཀྱི་རིག་གནས་ཐོན་ལས་ཁྲོད་ཀྱི་དར་ཆ་ཞིག་ཏུ་གྱུར་ཡོད།

གསར་འགོད་པ། ཤ་མོ་འཚོ།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།