ཟླ4པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་གྲོང་ཁྱེར་དུ་སྲིད་སྐྱོང་བྱས་རྗེས་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་མཛུབ་སྟོན་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་དུ་བསྟར་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་ཏེ། སྤྱི་དོན་གྱི་ཆེད་དུ་ཏང་འཛུགས་པ་དང་དམངས་ལ་བདེ་སྐྱིད་བསྐྲུན་པ། ཚན་རིག་དང་མཐུན་པའི་ཇུས་ཆོད། བདེན་འཛིན་དངོས་སྒྲུབ་བྱེད་པ་བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་པ་དང་། “སྐོར་ཁག་གཅིག་ཅན་དྲུག”གི་ལས་ཀའི་བླང་བྱ་ལྟར་དུ། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་པར་བརྟེན་ནས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་དང་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མི་རིགས་སོ་སོའི་མང་ཚོགས་ལ་ཐོབ་སྣང་དང་སྐྱིད་སྣང་། བདེ་འཇགས་ཀྱི་ཚོར་སེམས་བཅས་སྔར་ལས་གང་མང་ཐོབ་པར་བྱེད་དགོས།
ཟི་ལིང་སྲང་ལམ་ཆེན་མོའི་ས་འོག་ཕྱོགས་བསྡུས་སྦུག་ལམ་སྒྱུར་བཀོད་དང་། ཞིས་ཀང་སྡེ་གསར་སྡེ་ཁུལ་གྱི་སྡོད་ཁུལ་སྒྱུར་བཀོད། ཟི་ལིང་གྲོང་ཁྱེར་བུ་བཅོལ་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན། ཟི་ལིང་གྲོང་ཁྱེར་གྱི་བྱིས་པའི་སྨན་བཅོས་ལྟེ་གནས་གནས་སྤོ་བཅས་ནི། མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱིན་པའི་དམངས་འཚོའི་ལས་གཞི་ཡིན། ཝུའུ་ཞའོ་ཅུན་གྱིས་ཡུལ་དངོས་ནས་ཨར་ལས་ཀྱི་འཕེལ་རིམ་ལ་ལྟ་ཞིབ་དང་འབྲེལ་ཡོད་གནས་ཚུལ་སྙན་ཞུར་ཉན་ནས་ནན་གྱིས་བསྟན་དོན། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན་པ་དང་མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་བསྐྲུན་པ་རྒྱུན་འཁྱོངས་བྱས་ཏེ། ཆེད་དོན་འཛིན་གྲྭ་བཙུགས་ནས་འབད་འཐབ་བྱེད་པ་དང་བདེ་འཇགས་སྤུས་ཚད་ལ་འགན་ལེན་ཡོད་པའི་སྔོན་འགྲོའི་ཆ་རྐྱེན་འོག སྟོབས་ཤུགས་གཅིག་སྡུད་སྒོས་བཟོ་སྐྲུན་འཛུགས་སྐྲུན་སྔར་ལས་ཇེ་མགྱོགས་སུ་བཏང་ནས། རྨང་གཞིའི་སྒྲིག་ཆས་ཀྱི་ལོ་རྒྱུས་ཀྱི་བུ་ལོན་གང་མགྱོགས་སྒོས་ཁ་གསབ་བྱས་ཏེ། གྲོང་ཁྱེར་གྱི་བདེ་འཇགས་མཉེན་གཤིས་ཟམ་མི་ཆད་པར་ཇེ་མཐོར་གཏོང་དགོས། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་བཞག་ནས་ཁང་པ་རྩིས་སྤྲོད་བྱེད་པའི་དུས་ཚད་གཏན་འཁེལ་བྱེད་པ་དང་། ཕན་ཡོད་ལས་ཡུན་དམ་འཛིན་དང་ཞབས་ཞུར་འགན་ལེན་ཡག་པོ་བྱེད་པ། འགལ་བ་དང་རྩོད་གཞི་རང་འགུལ་ངང་སེལ་བ་བཅས་བྱས་ཏེ། མང་ཚོགས་གང་མགྱོགས་ཀྱིས་སྡོད་ཁང་གསར་པའི་ནང་འདུག་ཐུབ་པར་འགན་ལེན་བྱེད་དགོས། འཕྲོད་བསྟེན་བདེ་ཐང་མ་ལག་གི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱས་ནས། བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བའི་ལྷུ་ཚིགས་ཁག་ལ་སྲུང་སྐྱོང་བྱེད་པ་དང་། ནུས་ཤུགས་གཅིག་སྡུད་སྒོས་ས་གནས་ཀྱི་ནད་གཞི་འགོག་བཅོས་མཁྲེགས་གཏོར་བྱས་ཏེ། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་གཏོང་དགོས།
ཝུའུ་ཞའོ་ཅུན་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཞིབ་ཚགས་ལས་སྣོན་གྲང་སྦྲེལ་བསྡུ་སྡེབ་ཐོན་ལས་གླིང་དུ་སོང་ནས། ལས་གཞི་འཛུགས་སྐྲུན་གྱི་མྱུར་ཚད་ལ་ལྟ་ཞིབ་དང་བཅའ་སྡོད་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་གྱི་བར་བརྒྱུད་བསྡུ་འགྲེམས་དང་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། “ས་ཁོངས་བརྒལ་བའི་དཔལ་འབྱོར”ལ་བརྟེན་ནས། ཁུལ་དང་རྫོང་གི་སྤུས་ལེགས་ཐོན་རྫས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་དང་། ཐོན་ལས་མུ་ཕྲེང་རྒྱུན་ཆད་མེད་པར་སྣུར་སྲིང་བྱས་ནས་ཞིབ་ཚགས་ལས་སྣོན་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་མཐུན་སྦྱོར་ལམ་སྲོལ་ལ་བརྟེན་ནས་ཕྱིར་ཚོང་ཁྲོམ་ར་རྒྱ་སྐྱེད་གཏོང་བ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྤུས་ལེགས་དང་རིན་གོང་ལེགས་པོའི་སྒོ་ནས་ཕྱིར་གཏོང་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་རྟོག་ཞིབ་བྱེད་སྐབས། ཟི་ལིང་གྲོང་ཁྱེར་གྱིས་སྤེལ་བའི་སློབ་སྦྱོང་སློབ་གསོ་དང་དུས་ཚིགས་དང་པོའི་དངུལ་གཏོང་དང་དེ་བཞིན་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་ལ་ཉན་ནས་ནན་གྱིས་བསྟན་དོན། སྲིད་འབྲས་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་ནས། “སྐོར་ཁག་གཅིག་ཅན་དྲུག”གི་ལས་ཀའི་བླང་བྱ་དམ་འཛིན་བྱས་ནས། མང་ཚོགས་ཉེ་འགྲམ་གྱི་དཔེ་མཚོན་དང་འབུར་ཐོན་ཅན་གྱི་གནད་དོན་ལ་དམ་པོར་དམིགས་ཏེ་འགལ་བར་མི་གཡོལ་བ་དང་། ལས་དོན་གྱི་ཡང་ལྕིར་མི་བལྟ་བར་དམངས་འཚོའི་དོན་དངོས་ཁག་ཅིག་ཅིས་ཀྱང་བསྒྲུབ་རྒྱུ་ཡིན་པའི་ཐད་སེམས་ཐག་གཙང་བཅད་བྱས་ཏེ། དམངས་འཚོར་ཕན་པ་དང་དམངས་སེམས་སྐྱིད་ལ་བསྐུར་བ། དམངས་ཀྱི་འདོད་བློ་དང་མཐུན་པ་བཅས་ཀྱི་ལས་དོན་བསྒྲུབ་དགོས། ཡིད་ཆེས་བརྟན་གཏོང་དང་ངར་ཤུགས་ཆེན་པོ་བསྐྱེད་དེ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དོ་སྣང་ཆེན་པོ་བྱས་ནས། གནད་ལ་འཁེལ་བའི་སྒོ་ནས་ནུས་ཤུགས་ཡོད་རྒུས་ལས་གཞི་དམ་འཛིན་དང་དངུལ་གཏོང་ཁྱབ་རྒྱ་ཆེ་རུ་གཏོང་བ། སྦས་ཤུགས་སྔོག་འདོན་བྱས་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། ཡུལ་བབ་དང་བསྟུན་ཏེ་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ། བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་བརྟན་བརླིང་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པ་བཅས་བྱས་ཏེ། དུས་ཚིགས་དང་པོར་འགོ་ཡག་པོ་བརྩམས་ནས་ལོ་ཧྲིལ་བོའི་ལས་དོན་བདེ་བླག་ཡོང་བར་སྣེ་འདོམས་བྱས་ནས། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་སྤྱིར་བྱས་རྗེས་འཇོག་དགོས།
ཀྲུའུ་ཞང་ཧྥེང་དང་ཚའོ་ཅུན་གོང་གསལ་བྱེད་སྒོར་ཞུགས།