ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲེང་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་ལས་དོན་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་མཛུབ་སྟོན་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འགོག་གནོད་འཕྲི་རྒུད་སྐྱོབ་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་གོང་དུ་བཀུར་བ་རྒྱུན་འཁྱོངས་བྱས་ཏེ། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་པ་བརྟན་པོར་འཛུགས་པ་དང་ལག་བསྟར་བྱས་ནས། ཡུལ་བབ་དང་བསྟུན་ནས་ཉེན་གཡོལ་གནས་སྤོའི་ལས་དོན་ བཀོད་སྒྲིག་ཞིབ་ཚགས་དང་ཏན་ཏིག་ངང་བསྒྲུབས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཇེ་མཐོར་གཏོང་དགོས།
ལུའོ་ཏུང་ཁྲོན་སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཐ་ཨར་གྲོང་རྡལ་ཆོན་ཀོའུ་སྡེ་བ་དང་། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཞིས་ཧྲན་ཞང་ཀྲེང་ཅ་ཧྲན་སྡེ་བར་སོང་ནས། ས་གཤིས་གནོད་འཚེའི་འགལ་རྐྱེན་གནས་ཡུལ་དང་ཉེན་ཁ་ཆེ་བའི་ས་ཁུལ་གྱི་ཁང་པ་དང་གཅིག་སྡུད་བཀོད་སྒྲིག་ས་ཁུལ་གྱི་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ། འབྲེལ་ཡོད་འགན་འཁུར་བ་དང་གནས་སྤོ་མང་ཚོགས་དང་བསམ་བློ་བརྗེ་རེས་ཟབ་མོ་བྱས་ནས། འགལ་རྐྱེན་ཅི་རིགས་ལ་གྲལ་བཤེར་དང་འཆར་འགོད་ཡོད་པའི་ཇུས་འགོད། བཟོ་སྐྲུན་གྱི་འཕེལ་རིམ། ཁང་པའི་གྲུབ་ཆ། མ་ལག་ཚང་བའི་སྒྲིག་ཆས། ཐོན་སྐྱེད་འཚོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་བསྟན་དོན། རང་རེའི་ཞིང་ཆེན་ལ་མཚོན་ནས་བཤད་ན་ས་གཤིས་གནོད་འཚེ་ཁུལ་མང་ཞིང་ཁྱབ་རྒྱ་ཆེ་བ་དང་། ས་གཤིས་གནོད་འཚེ་འབྱུང་སླ་བ་བཅས་ཀྱི་དབང་གིས། ས་གཤིས་གནོད་འཚེ་ཉེན་གཡོལ་གནས་སྤོ་ནི་ངེས་པར་དུ་དམ་འཛིན་ཏན་ཏིག་བྱེད་དགོས་པའི་དམངས་འཚོའི་བཟོ་བཀོད་ཅིག་དང་། བདེ་འཇགས་ཀྱི་བཟོ་བཀོད་ཅིག འཕེལ་རྒྱས་ཀྱི་བཟོ་བཀོད་ཅིག་བཅས་ཡིན་སྟབས། ས་གནས་དང་སྡེ་ཁག་སོ་སོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས། དམིགས་འབེན་འདུ་ཤེས་སྔར་ལས་བརྟན་པོ་འཛུགས་པ་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། ཉེན་གཡོལ་གནས་སྤོའི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། ལངས་གནས་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་དོན་དངོས་ཡིན་པ། སྤྱོད་ཚུལ་སྔར་ལས་ནན་མོ་བཅས་ལ་བརྟེན་ནས། དམངས་འཚོའི་དོན་བཟང་འདི་དོན་དངོས་དང་མཐུན་པའི་ངང་ལེགས་པར་བསྒྲུབ་དགོས། ཁྱོན་ཡོངས་ཀྱི་འཆར་འགོད་ལ་མཐོང་ཆེན་དང་སྤུས་ཚད་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་། ཨར་ལས་རྩ་འཛུགས་སྔར་ལས་ལེགས་སུ་གཏོང་བ། རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་པ། ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ནུས་པ་འཐུས་ཚང་དང་སྐྱེ་ཁམས་བདེ་སྡོད་ལ་འཚམ་པའི་གནས་སྤོ་བཀོད་སྒྲིག་བྱ་ཡུལ་སྐྲུན་ཤུགས་ཆེ་རུ་གཏོང་དགོས། མང་ཚོགས་ཀྱི་དགོས་མཁོར་དམིགས་པ་དང་། སྲིད་ཇུས་དང་བྱེད་ཐབས་སྔར་ལས་ཞིབ་ཚགས་སུ་གཏོང་བ། ཐོན་ལས་ལས་ཞུགས་དང་རྨང་གཞིའི་སྒྲིག་ཆས། སྤྱི་པའི་ཞབས་ཞུ་སོགས་མ་ལག་ཚང་བའི་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། མང་ཚོགས་ཀྱི་དཀའ་ཁག་དངོས་ཐག་གཅོད་ཡག་པོ་བྱེད་དགོས།
ལུའོ་ཏུང་ཁྲོན་གྱིས་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སགནས་དང་སྡེ་ཁག་སོ་སོས་གནད་དོན་ལ་བསམ་བློ་གཏོང་བ་དང་ཐབས་ཇུས་འཐེན་པ། བྱ་བ་སྒྲུབ་པ་བཅས་བྱེད་སྐབས་དོན་དངོས་ནས་འགོ་བརྩམས་ཏེ་དམངས་ཀྱི་སེམས་ཁྲལ་དང་དམངས་ཀྱི་རེ་བ། དམངས་ཀྱི་དགོས་མཁོ་བཅས་ལ་མུ་མཐུད་དམ་པོར་དམིགས་ཏེ། “བཟོ་སྐྲུན་ཁྲི་སྟོང་”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ནས། ཉེན་གཡོལ་གནས་སྤོའི་ལས་དོན་དེ་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བ། དམངས་འཚོར་འགན་ལེན་དང་ཇེ་ལེགས་སུ་གཏོང་བ་བཅས་དང་ཟུང་འབྲེལ་སྔར་ལས་གང་ལེགས་བྱས་ཏེ། གནས་པའི་གནད་དོན་ལ་གསེད་བཀྲོལ་ནན་ཏན་བྱེད་པ་དང་། མང་ཚོགས་ཀྱི་ལས་དོན་ངང་རྒྱུད་རིང་ཞིང་ཞིབ་ཚགས་ངང་ཡག་པོར་བསྒྲུབ་པ། ཐབས་བརྒྱ་ཇུས་སྟོང་གིས་ཞིང་པའི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བ། རྗེས་མཐུད་འགན་ལེན་དང་ལྷག་པར་དུ་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་མཐར། གནས་སྤོར་མང་ཚོགས་གནས་སྤོ་ཐུབ་པ་དང་། བརྟན་པོར་འདུག་ཐུབ་པ། ཕྱུག་པོར་འགྱུར་ཐུབ་པ་བཅས་བྱེད་དགོས།
ཀྲང་ཅིན་ཀང་རྟོག་ཞིབ་བྱེད་སྒོར་ཞུགས།