རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ཅུས་ཀྱིས་ཟླ3པའི་ཚེས30ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། 2026ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཚུགས་པའི་ལོ་ཡིན་པས་རྨ་ལྷོ་ཁུལ་གྱིས་མཐོ་སྒང་ཞིང་ཕྱུགས་ཐོན་ཁུངས་ཀྱི་དགེ་མཚན་ལ་གཞི་ཚུགས་ནས། “2+8”ཀྱི་དགེ་མཚན་ཁྱད་ལྡན་ཐོན་ལས་ཁྱབ་ཚུལ་ལ་དམ་པོར་སྦྲེལ་ཏེ་མཁོ་སྤྲོད་མུ་ཕྲེང་བསྐྱར་སྒྲིག་དང་ལས་སྣོན་མུ་ཕྲེང་སྣུར་སྲིང་། རིན་ཐང་མུ་ཕྲེང་མཐོར་འདེགས་བཅས་ཀྱིས“ཐུན་མོང་ཕྱུག་འགྱུར་མུ་ཕྲེང”སྣུར་སྲིང་བྱས་ཏེ། ཞིང་ཕྱུགས་ཐོན་ལས་ཀྱི་སྤུས་འདེགས་ཕན་སྐྱེད་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ། ཐོན་ཁུངས་ཀྱི་དགེ་མཚན་དེ་འཕེལ་རྒྱས་དང་དམངས་ཕྱུག་གི་དགེ་མཚན་དུ་བསྒྱུར།
ད་ལོར་རྨ་ལྷོ་ཁུལ་གྱིས་ནས་དང་ལོག་དཀར་སོགས“མུའུ་ཁྲི་བཞིའི”འདེབས་ལས་རྟེན་གཞི་དང་ནོར་གནག་དང་བོད་ལུག་སོགས“གྲངས་ཁྲི་བཞིའི”གསོ་སྤེལ་རྟེན་གཞི་སྲ་བརྟན་དུ་བཏང་ནས། གཙོ་ཁྲིད་ཐོན་ལས་ཆེན་པོ་གཉིས་སྟོབས་ཆེར་གཏོང་རྒྱུ་དང་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་ཆེན་པོ8མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུ། རྒྱུན་མཐུད་ངང“དྲ་ཐོག་ཐད་གཏོང་དང་ཡུལ་དངོས་འགྲེམ་ཚོང”གི་ཐབས་ལམ་རྒྱ་ཆེར་བཏང་ནས། ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་དྲ་ཚིགས་དང་གློག་རྡུལ་ཚོང་དོན་མཉམ་ལས་རྒྱ་བསྐྱེད་དེ། ལྗང་མདོག་སྐྱེ་ལྡན་ཐོན་རྫས་ཕྱིར་གཏོང་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན། ནོར་གནག་དང་བོད་ལུག་རྒྱུད་བཟང་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཁུངས་འདེད་མ་ལག་བཙུགས་ཏེ། ཕྱོགས་ཡོངས་ནས་ལས་ཆོད་ཆེ་ཞིང་སྣ་མང་གི་མཁོ་སྤྲོད་མུ་ཕྲེང་སྲ་བརྟན་དུ་བཏང་།
རྨ་ལྷོ་ཁུལ་གྱིས“གླིང་ཁུལ་དང་སྣེ་འདྲེན་ཁེ་ལས། མཉམ་ལས་ཁང་དང་རོང་འབྲོག་ཁྱིམ་ཚང་བཅས་མཉམ་འབྲེལ”གྱི་རྣམ་པ་གཏིང་ཟབ་ཏུ་སྤེལ་ནས། མཚོ་སྔོན་སློབ་ཆེན་དང་མཉམ་འབྲེལ་སྒོས་ནོར་གནག་གི་ཤ་བཟོས་ཐོན་རྫས་ཀྱི་འགག་རྩའི་ལག་རྩལ་འགག་སྒྲོལ་བྱས་ཏེ། ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་རིམ་འཇུག་བྱས་ཏེ་ལས་སྣོན་བརྗེ་སྒྱུར་བྱེད་ཚད་བརྟན་བརླིང་ངང་མཐོ་རུ་བཏང་། གཞི་ཁྱོན་ཡན་ཆད་ཀྱི་ལས་སྣོན་ཁེ་ལས་གསོ་སྐྱོང་དང་རྒྱ་ཆེར་བཏང་བ་དང་། SCཁས་ལེན་དཔང་འདོན་ཁྱབ་རྒྱ་ཆེ་རུ་བཏང་སྟེ། ཞིང་ཕྱུགས་ལས་ཀྱི་མུ་ཕྲེང་ཧྲིལ་པོའི་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། ཐོན་ལས་ཀྱི་གནས་ཐང་འཕར་བ་དེས་རོང་འབྲོག་པ་དེ་ལས་མང་པོར་ཕན་ཐོགས་པར་བྱས།
དེ་དང་ཆབས་ཅིག་རྨ་ལྷོ་ཁུལ་གྱིས་མུ་ཕྲེང་ཧྲིལ་པོའི་མཉམ་འདྲེས་བྱ་རྒྱུ་དམ་འཛིན་བྱས་ཏེ། རྒྱུན་མཐུད་ངང“རྨ་ལྷོའི་རི་ཆུ། མཐོ་སྒང་ཐོན་རྫས”ཀྱི་ས་ཁོངས་སྤྱི་སྤྱོད་སྤུས་རྟགས་སྟོབས་ཆེར་བཏང་བ་དང་། “ལྗང་མདོག་ཟས་རིགས་དང་སྐྱེ་ལྡན་ཞིང་ལས་ཐོན་རྫས། ཞིང་ལས་ཐོན་རྫས་ཀྱི་ས་བབ་མཚོན་རྟགས”བཅས་ཀྱི་ཁས་ལེན་དཔང་འདོན་གཞི་ཁྱོན་ཆེ་རུ་བཏང་བ་དང་། སྤུས་ལེགས་ཐོན་རྫས་རྩེར་སོན་སྟེགས་བུར་འཇོག་རྒྱུར་སྐུལ་འདེད་བཏང་བ། ཞང་ཀང་གིSTCཁས་ལེན་དཔང་འདོན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། གྲང་འཁྱག་སྔོ་ཚལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ཐོད་བརྒལ་བྱས། སྤུས་རྟགས་སྐྱེད་སྲིང་གི་ཁྱབ་གདལ་མ་ལག་འཐུས་ཚང་དུ་བཏང་བ་དང་། རྩེར་སོན་བྱེད་ནུས་རང་བཞིན་གྱི་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱས་ཏེ། སྤུས་རྟགས་ཀྱི་ཤུགས་རྐྱེན་ནུས་པ་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཡོད།