ཟླ3པའི་ཚེས31ཉིན། ཞིང་ཆེན་ཏང་ཨུའི་འཇོན་མིའི་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཇོན་མིའི་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། 2025ལོའི་བྱ་བ་སྤྱི་བསྡོམས་དང2026ལོའི་ལས་འགན་བཀོད་སྒྲིག་བྱས་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་མགོ་བཟང་པོར་རྩོམ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་པ་འབད་པས་མངོན་འགྱུར་བྱེད་ཆེད་འཇོན་མིའི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས། ལིའུ་ཆི་ཧྥན་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ལས་ན་ནིང་གི་ཞིང་ཆེན་ཡོངས་ཀྱི་འཇོན་མིའི་བྱ་བར་ཁས་ལེན་གང་ལེགས་བྱས་ཏེ་བསྟན་དོན། ཏང་ཀྲུང་དབྱང་གིས་འཇོན་མིའི་བྱ་བར་མཐོང་ཆེན་ཚད་མེད་བྱེད་བཞིན་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཇོན་མིའི་བྱ་བར་དམིགས་ནས་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས། ང་ཚོས་འཇོན་མིའི་བྱ་བ་ཡག་པོར་སྒྲུབ་ཆེད་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་མགོ་རྩོམ་པའི་ལོ་ཡིན་པས། ཏང་ཀྲུང་དབྱང་གི་འབྲེལ་ཡོད་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་། རྒྱལ་ཁབ་ཀྱི་འཇོན་མི་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་ཁྲོད་ཧུར་ཐག་གིས་འདྲེས་པར་བྱས་ཏེ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་གོ་སྐབས་སུ་འཛིན་དགོས་ལ། ཤེས་ཡོན་པ་རྟོགས་པའི་བློ་གྲོས་དང་ཤེས་ཡོན་པ་བཀུར་བའི་ལྷག་བསམ། ཤེས་ཡོན་པ་བཀོལ་བའི་སྤོབས་པ། ཤེས་ཡོན་པ་སྐྱོང་བའི་ཁོག་རྒྱ། ཤེས་ཡོན་པ་བསྡུ་བའི་ཐབས་མཆོག་བཅས་ལ་བརྟེན་ནས། ཤེས་ཡོན་བསྡུ་འགུག་གི་ཐབས་ལམ་ཡངས་པོར་ཕྱེ་བ་དང་ཡུལ་ཕྱོགས་ཀུན་གྱི་ཤེས་ཡོན་པ་བསྡུ་ལེན་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། གནས་ཚུལ་གསར་པར་ཞིབ་འཇུག་ཟབ་མོ་དང་གནད་དོན་གསར་པ་ཐག་གཅོད་ནན་མོ་བྱས་ཏེ། གནད་དོན་ཁྲིད་ཕྱོགས་ལ་བརྟེན་ནས་འཇོན་མིའི་བྱ་བའི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་གཏོང་དགོས་ཤིང་། འཇོན་མི་གསོ་སྐྱོང་མཁོ་འདོན་ཕྱོགས་དང་ཐོན་ལས་དགོས་མཁོའི་ཕྱོགས་ཀྱི་འགག་རྩ་མེད་པར་བཟོ་བ་དང་། སྔར་ལས་འགྲན་རྩོད་ཀྱི་ནུས་པ་ལྡན་ཞིང་ཡིད་འགུག་གི་བྱེད་ནུས་ཡོད་པའི་འཇོན་མིའི་སྲིད་ཇུས་མ་ལག་དང་གསར་གཏོད་མཉམ་འབྲེལ་གྱི་མ་ལག་བཙུགས་ནས། མདུན་ལྟའི་རང་བཞིན་གྱི་བཀོད་པ་ལྡན་ལ། གསོ་སྐྱོང་སྣ་འཛོམས་རང་བཞིན་དང་གསར་གཏོད་རྣམ་པའི་འཇོན་མིའི་དཔུང་ཁག་ཅིག་བསྐྲུན་དགོས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཇོན་མིའི་འཆར་འགོད་ཚན་རིག་དང་མཐུན་པར་སྒྲིག་བཟོ་བྱས་ཏེ། མ་ལག་དང་བསམ་གཞིགས་ལྡན་པའི་འཇོན་མི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་དགོས། རྒྱལ་ཁབ་ཀྱི་སྤྱིའི་འཆར་འགོད་དང་ས་གནས་ཀྱི་འཆར་འགོད། ཆེད་དོན་འཆར་འགོད་བཅས་དང་ཕྱོགས་ཡོངས་ནས་སྦྲེལ་མཐུད་བྱེད་དགོས། ཐོན་ལས་མུ་ཕྲེང་གིས་འཇོན་མིའི་མུ་ཕྲེང་ལ་བཀོད་སྒྲིག་བྱེད་པར་དམིགས་ཏེ། གསར་གཏོད་སྟེགས་བུ་གསོ་སྐྱོང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། བཅོས་སྒྱུར་གསར་གཏོད་ཀྱི་རྣམ་པས་ལམ་སྲོལ་རྐྱེན་སྲོལ་གྱི་བཀག་རྐྱེན་མེད་པར་བཟོས་ཏེ། མཁྲེགས་གཏོར་གྱི་རྣམ་འགྱུར་ལ་བརྟེན་ནས་འཇོན་མིའི་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སློང་བྱེད་དགོས་ཤིང་། ལམ་ལུགས་རྐྱེན་སྲོལ་གྱི་ངོས་ཐད་ནས་འཇོན་མིའི་བྱ་བའི་ཁྲོད་ཀྱི་རིམ་པ་ཟབ་པའི་འགལ་བ་མེད་པར་བཟོས་ནས། འཇོན་མིར་ལྷོད་གཡེང་སྟེར་བ་དང་གསར་གཏོད་ཀྱི་ནུས་པ་བསྐྱེད་དགོས། མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་འཇོན་མི་བཀོལ་སྤྱོད་གང་ལེགས་བྱས་ཏེ། སྒོ་འབྱེད་མཉམ་ལས་ཀྱི་རྣམ་པས་འཇོན་མིའི་བྱ་བའི་བར་སྟོང་གསར་པ་རྒྱ་བསྐྱེད་དགོས་ལ། མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་འཇོན་མི་གནད་འཁེལ་གདམ་མངགས་དང་། ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་ལ་སྐུལ་འདེད་བཏང་ནས། ས་གནས་ཀྱི་འཇོན་མི་སྐོར་ཞིག་གསོ་སྐྱོང་བྱས་ཏེ། རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱིས་ཐོན་ལས་དང་ཚན་རྩལ། སློབ་གསོ། སྨན་བཅོས་སོགས་ཁྱབ་ཁོངས་སུ་ཕྱོགས་ཡོངས་ཀྱི་མཉམ་ལས་སྤེལ་དགོས།
གྲོས་ཚོགས་ལས་བླང་བྱ་བཏོན་དོན། རིམ་པ་སོ་སོའི་ཏང་ཨུ་ཡིས་འཇོན་མིའི་བྱ་བའི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་དོན་དངོས་ཐོག་ཤུགས་སྣོན་དགོས་ལ། ལས་རིགས་ལ་དོ་དམ་བྱེད་ན་ངེས་པར་དུ་འཇོན་མིར་དོ་དམ་བྱེད་པ་དང་། འཕེལ་རྒྱས་དམ་འཛིན་བྱེད་ན་ངེས་པར་དུ་འཇོན་མི་དམ་འཛིན་བྱེད་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། དམིགས་འབེན་ལས་འགན་སྔར་ལས་ཇེ་ཞིབ་དང་འགན་འཁྲི་གཙོ་བོ་ཁ་གསལ་བཟོ་བ། དུས་ཚོད་དུས་རིམ་གཏན་འཁེལ་བྱེད་དགོས། རིམ་པ་བཞིན་དངོས་འབེབས་དམ་འཛིན་བྱེད་པ་དང་དོན་དག་རེ་རེར་ཁ་ཡ་བྱེད་མཁན་ཡོད་པའི་བྱ་བའི་མ་ལག་འཐུས་ཚང་དུ་འཛུགས་དགོས་ཤིང་། ཏང་ཨུའི་གཅིག་གྱུར་འགོ་ཁྲིད་དང་རྩ་འཛུགས་སྡེ་ཁག་གི་སྣེ་ཁྲིད་དམ་འཛིན། འབྲེལ་ཡོད་སྡེ་ཁག་གི་རང་འགན་ཁུར་ལེན། སྤྱི་ཚོགས་སྟོབས་ཤུགས་ཡོངས་ཁྱབ་ཟབ་ཞུགས་བྱེད་པ་བཅས་ཀྱི་འཇོན་མིའི་བྱ་བའི་རྣམ་པ་གསར་བ་མྱུར་དུ་གྲུབ་པར་བྱས་ཏེ། རིགས་སོ་སོའི་འཇོན་མི་རྣམས་ཀྱིས་མཐོ་སྒང་གི་ས་གཞི་ཆེན་མོའི་སྟེང་རང་རང་གི་འཇོན་ནུས་མངོན་ནས་རང་འགན་མཐའ་འཁྱོལ་དང་བྱ་བཞག་གང་ལེགས་བསྐྲུན་དགོས།
གྲོས་ཚོགས་ལས《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཇོན་མིའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི2025ལོའི་བྱ་བའི་སྤྱི་བསྡོམས》དང《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཇོན་མིའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི2026ལོའི་བྱ་བའི་གཙོ་གནད》ལ་གྲོས་ཞིབ་བྱས། ཞིང་ཆེན་ཚན་རྩལ་ཐིང་དང་། ཟི་ལིང་གྲོང་ཁྱེར། ནུབ་རྒྱུད་གཏེར་ལས་སྡེ་ཚོགས། མཚོ་སྔོན་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་། ཀྲུང་གོ་ཚན་རིག་གླིང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་སའོ་ཡི་འགན་ཁུར་བློ་མཐུན་བཅས་ཀྱིས་གྲོས་ཚོགས་ཀྱི་གཏམ་བཤད་སྤེལ།
ཀྲུའུ་ཞང་ཧྥིན་དང་ཚའོ་ཅུན། དབྱང་ཀྲི་ཝུན་བཅས་གྲོས་ཚོགས་སུ་ཞུགས།