སྐབས་ཉི་ཤུ་པའི་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ཟླ3པའི་ཚེས31ཉིན་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚའེ་ཆི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།
གྲོས་ཚོགས་ལས་བསྟན་དོན། ད་ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོ་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དུ་གཟིགས་ཞིབ་མཛད་པ་མ་ཟད། གསུང་བཤད་གལ་ཆེན་གནང་བ་དེ་དུས་རབས་གསར་པའི་རྒྱལ་སའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་ལ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོས་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་བྱ་བ་ལེགས་པོར་སྒྲུབ་པ། “ལྟེ་གནས་བཞི”ཡི་བྱེད་ནུས་འཛུགས་སྐྲུན་ལ་ཤུགས་སྣོན་པ། “ཞབས་ཞུ་བཞིའི”ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་དགོས།
གྲོས་ཚོགས་ལས་པེ་ཅིང་གྲོང་ཁྱེར་གྱི་འཐབ་ཇུས་ངེས་གནས་དོན་འཁྱོལ་བྱེད་པ་དང་། རྒྱལ་སའི་བྱེད་ནུས་ལ་དམིགས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྲིད་ཕྱོགས་བརྟན་པོར་འཛུགས་པ། ཀྲུང་དབྱང་གི་སྲིད་དོན་ནུས་པའི་བཀོད་སྒྲིག་རྒྱུན་མཐུད་ངང་ལེགས་བསྒྱུར་བཅས་བྱས་ནས་ཀྲུང་དབྱང་གི་སྲིད་དོན་ཁོར་ཡུག་ལེགས་བཅོས་བྱེད་དགོས། པེ་ཅིང་དང་ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྔར་ལས་སྐུལ་འདེད་གཏོང་བ་དང་། པེ་ཅིང་གི་རྒྱལ་ས་མིན་པའི་བྱེད་ནུས་གོ་རིམ་ལྡན་པའི་སྒོ་ནས་བསྒྱུར་བཅོས་བྱེད་པ། དེང་རབས་ཅན་གྱི་རྒྱལ་སའི་གྲོང་ཁྱེར་ཁྱུ་ཚོགས་བར་སྟོང་གི་མཐུན་སྦྱོར་འཆར་འགོད་ལག་བསྟར་དམ་འཛིན་བྱེད་པ། ལས་ལམ་འཁོར་ཁོངས་དང་བྱེད་ནུས་མུ་ཁྱུད། ཐོན་ལས་མཐུན་སྦྱོར་མུ་ཁྱུད་བཅས་འཛུགས་སྐྲུན་ལ་གཅིག་གྱུར་སྐུལ་འདེད་བཏང་སྟེ། ཧོ་པེའི་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ལག་བསྟར་དང་གཞི་རྩའི་སྤྱི་བའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱེད་དགོས། གྲོང་ཁྱེར་ཆེ་གྲས་བཅོས་སྐྱོང་གི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་འཛུགས་པ། རིག་དངོས་ཕྱིར་སྤྲོད་དང་སྒོ་འབྱེད་བེད་སྤྱོད་བྱེད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་གསར་སྒྱུར་བྱ་བ་ལག་བསྟར་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་གཏིང་ཟབ་བྱེད་པ་དང་ཕྱོགས་བསྡུས་འགོག་སྲུང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། སྲ་ཞིང་བརྟན་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ། ནུས་ལྡན་སྒོས་བདེ་འཇགས་ཉེན་ཁ་སྣ་ཚོགས་འགོག་སེལ་བཅས་བྱས་ཏེ་རྒྱལ་སའི་བདེ་འཇགས་བརྟན་བརླིང་ལ་སྲུང་སྐྱོང་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་ཀྱིས་ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། “བྱས་རྗེས་རང་ལ་མི་དགོས་པ་དང་། བྱས་རྗེས་འཇོག་པའི་བྱ་བའི་ཁྲོད་ངེས་པར་ཞུགས་པའི”བསམ་བློའི་སྙིང་སྟོབས་ལ་བརྟེན་ནས་རྒྱལ་སའི་འཆར་འགོད་ཀྱི་འཆར་གཞི་འགོད་རྒྱུར་སྐུལ་འདེད་གཏོང་བ་དང་། དངོས་སྒྲུབ་གསར་གཏོད་ལ་བརྟེན་ནས་ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་བསྐྲུན་དགོས།
གྲོས་ཚོགས་ལས《རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི2026ལོའི་བྱ་བའི་གཙོ་གནད》སོགས་ཡིག་ཆར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དབྱིན་ལི་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་ཨུ་ཡོན་སོགས་གྲོས་ཚོགས་ལ་ཞུགས།