རྒན་གཞོན་མཉམ་དུ་ལག་གདང་སྦྲེལ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་ཅེས་པའི་བྱེད་སྒོ་སྐབས་བཅུ་གཉིས་པ་དངོས་སུ་སྤེལ་འགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས31ཉིན་གྱི་སྔ་དྲོ། རྒན་གཞོན་མཉམ་དུ་ལག་གདང་སྦྲེལ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་ཅེས་པའི་བྱེད་སྒོ་སྐབས་བཅུ་གཉིས་པ་དངོས་སུ་འགོ་རྩོམ་པའི་མཛད་སྒོ་ཟི་ལིང་གྲོང་ཁྱེར་དུ་བསྡུས།  བྱེད་སྒོའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་། “རྒན་གྲས་ལྔའི”དཔེ་སྟོན་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྒྱ་ཆེའི་ལོ་ཆུང་གཞོན་ནུར་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བསྐྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ལག་བསྟར་བྱས་ཏེ། ནགས་སྐྲུན་ལྗང་སྒྱུར་བྱེད་སྒོའི་ཁྲོད་འབད་པས་ཞུགས་རྒྱུར་སྣེ་ཁྲིད་བྱ་རྒྱུ་དེ་ཡིན། ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པདྨ་མཛད་སྒོར་ཞུགས་ནས་གཏམ་བཤད།  ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་མ་ཅི་ཞའོ་དང་ཀྲུའུ་རེན་གཞོན་པ་མ་ཀྲི་ཝེ་མཛད་སྒོར་ཞུགས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱེད་སྒོ་ནི་ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཏང་ཨུའི་ལས་བྱེད་པ་རྒན་གྲས་ཅུས། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ལྷན་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཟི་ལིང་གྲོང་ཁྱེར་གྱི་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་ཀྱིས་ཀྱང་འགན་སྒྲུབ་བྱས། བྱེད་སྒོ་སྤེལ་ཡུལ་དུ་ཞིང་ཆེན་མི་རབས་རྗེས་མར་སེམས་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སློབ་མ་ཚོར་སློབ་སྦྱོང་ཡོ་བྱད་ཞལ་འདེབས་སུ་ཕུལ་བར་མ་ཟད། སྡོང་འཛུགས་བྱེད་སྒོའི་ནང་མཉམ་ཞུགས་བྱས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།