སློབ་གྲྭའི་ཟ་མའི་ཆེད་དོན་བཅོས་སྒྲིག་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། སློབ་གྲྭའི་ཟས་རིགས་བདེ་འཇགས་དོ་དམ་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། སློབ་གྲྭའི་ཟ་ཁང་གི་ལས་དོན་མི་སྣའི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་བ། ལས་ཀ་བྱེད་མཁན་གྱི་ལས་སྒྲུབ་ལས་རིམ་ཚད་ལྡན་བཟོ་བ་བཅས་བྱ་ཆེད། སློབ་གསོ་པུའི་གཞུང་ལས་ཐིང་གིས་ཉེ་དུས《སློབ་གྲྭའི་ཟས་རིགས་བདེ་འཇགས་ཀྱི“ངེས་པར་དུ་བྱེད་དགོས་པ་བཅུ”》དང་《སློབ་གྲྭའི་ཟ་ཁང་གི་ལས་དོན་མི་སྣས“གཏན་ནས་བྱེད་མི་ཆོག་པ་བཅུ”》ཞེས་པ་པར་འགྲེམས་བྱས་ཏེ་སློབ་གྲྭའི་ཟས་རིགས་བདེ་འཇགས་ལ་སྔར་བས་ཤུགས་སྣོན་བརྒྱབ་ཐོག་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བའི་འགན་སྲུང་བྱ་རྒྱུ་རེད།
སློབ་གྲྭའི་ཟས་རིགས་བདེ་འཇགས་ཀྱི“ངེས་པར་དུ་བྱེད་དགོས་པ་བཅུ”
གཅིག ངེས་པར་དུ་ཁྲིམས་ལྟར་ཟས་རིགས་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་རག་པ་བྱ་དགོས། སློབ་གྲྭའི་ཟ་ཁང་དང་དེ་བཞིན་འགན་གཙང་ལེན་མཁན་ཁེ་ལས་ནས་ཆོག་འཐུས་ལག་ཁྱེར་ནང་འཁོད་ཀྱི་ཁྱབ་ཁོངས་སུ་གཉེར་སྐྱོང་བྱེད་པ་ལས། ལག་ཁྱེར་མེད་པར་གཉེར་སྐྱོང་དང་ཆོག་འཐུས་ལག་ཁྱེར་གྱི་ཁྱབ་ཁོངས་ལས་བརྒལ་བའི་གཉེར་སྐྱོང་བྱ་མི་ཆོག
གཉིས། ངེས་པར་དུ་སྤྱི་ཕན་རང་བཞིན་གྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས། སློབ་གྲྭས་རང་བདག་ངང་གཉེར་སྐྱོང་བྱས་པའི་ཟ་ཁང་གིས་ཁེ་བཟང་རག་རྒྱུ་དམིགས་ཡུལ་དུ་འཛིན་མི་རུང་བ་དང་། འཚོ་བཅུད་ལེགས་བཅོས་འཆར་གཞི་ལག་བསྟར་བྱེད་བཞིན་པའི་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་གྲྭའི་ཟ་ཁང་གིས་གཉེར་སྐྱོང་དབང་ཆ་ཕྱི་རུ་འགན་གཙང་སྤྲོད་པ་དང་མངགས་བཅོལ་བྱེད་པ་སོགས་བྱེད་མི་རུང་།
གསུམ། ངེས་པར་དུ་ཟས་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱ་དགོས། སློབ་གྲྭས་སློབ་སྤྱི་ཉིད་འགན་འཁྲིའི་མི་སྣ་དང་པོ་ཡིན་པའི་ཟས་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་འཛུགས་དགོས་པ་དང་། ཟས་རིགས་བདེ་འཇགས་དོ་དམ་མི་སྣའི་འགན་འཁྲི་ཁ་གསལ་བཟོས་ནས་འགན་འཁྲི་ཕྲག་ཐོག་ཏུ་འབབ་པ་བྱ་དགོས།
བཞི། ངེས་པར་དུ་ཟ་ཁང་ནང་ལས་ཀ་བྱེད་མཁན་ལ་བདེ་ཐང་དོ་དམ་དང་གསོ་སྦྱོང་དཔྱད་དཔོག་ལམ་སྲོལ་ལག་བསྟར་བྱ་དགོས། ཟ་ཁང་ནང་དུ་ལས་ཀ་བྱེད་མཁན་ལ་གོ་ཆོད་བདེ་ཐང་དཔང་ཡིག་ཡོད་དགོས་པ་དང་། ལོ་ལྟར་ཁོང་ཚོར་བདེ་ཐང་བརྟག་དཔྱད་བྱ་དགོས། ལོ་འཁོར་གྱི་གསོ་སྦྱོང་འཆར་གཞི་བཟོ་དགོས་པ་དང་། ལས་དོན་མི་སྣར་ཟས་རིགས་བདེ་འཇགས་ཀྱི་ཤེས་བྱའི་གསོ་སྦྱོང་བྱེད་དགོས་པ་མ་ཟད་གསོ་སྦྱོང་ནང་དོན་སོགས་ཐོ་འགོད་ཡག་པོ་བྱ་དགོས།
ལྔ། ངེས་པར་དུ་གཏན་འབེབས་ལྟར་ཟས་རིགས་ཀྱི་རྒྱུ་ཆ་ཉོ་སྒྲུབ་བྱ་དགོས། ཟས་རིགས་ཀྱི་རྒྱུ་ཆ་ངེས་པར་དུ་ཡོངས་བསྒྲགས་ཐོག་སུས་འཇོན་དེ་འགུག་དང་གཅིག་སྡུད་དམིགས་བཙུགས་སོགས་ཀྱི་བྱ་ཐབས་ཐོག་ནས་ཉོ་སྒྲུབ་བྱ་དགོས་པ་དང་། མཁོ་འདོན་ཚོང་པར་ཞུགས་འཐུས་དང་དཔྱད་དཔོག་ཕྱིར་འཐེན་ལམ་སྲོལ་འཛུགས་དགོས། ཡོངས་ཁུངས་ཁྲིམས་མཐུན་མིན་པ་དང་། ལུགས་མཐུན་མིན་པ། ཟས་རིགས་བདེ་འཇགས་ཀྱི་ཚད་གཞི་དང་མི་མཐུན་པ་བཅས་ཀྱི་ཟས་རིགས་རྒྱུ་ཆ་ཉོ་སྒྲུབ་བྱ་མི་ཆོག
དྲུག ངེས་པར་དུ་དངོས་ཟོག་རྩིས་བཤེར་ཀྱི་ཐོ་འགོད་ལམ་ལུགས་ལག་བསྟར་བྱ་དགོས། ཉོ་སྒྲུབ་བྱས་པའི་ཟས་རིགས་རྒྱུ་ཆའི་ཐད་ངེས་པར་དུ་རྒྱུ་ཆ་མཁོ་འདོན་བྱེད་མཁན་གྱི་ཆོག་འཐུས་ལག་ཁྱེར་དང་ཐོན་རྫས་ཚད་མཐུན་དཔང་ཡིག་ལ་ཞིབ་དཔྱད་བྱ་དགོས་པ་དང་། མི་གཉིས་སམ་མི་མང་པོས་མཉམ་དུ་ཞིབ་དཔྱད་བྱ་དགོས། ཞིབ་དཔྱད་བྱས་པའི་འབྲས་བུ་ཡང་བདེན་པ་བདེན་ཐུབ་ཀྱི་ལམ་ནས་ཟིན་འགོད་བྱ་དགོས་པ་མ་ཟད་འབྲེལ་ཡོད་འཛིན་ཡིག་ཉར་ཚགས་བྱ་དགོས། འཛིན་ཤོག་ཆ་མི་ཚང་བ་དང་། བལྟས་ཚོད་ལ་ཡག་པོ་མེད་པའམ་རུལ་སླད་དུ་སོང་བའི་རྒྱུ་ཆ་རྩིས་ལེན་བྱ་མི་ཆོག
བདུན། ངེས་པར་དུ་ཉེན་ཁ་ཆེ་བའི་ཟས་རིགས་བཟོ་བ་དང་འཚོང་བ་སོགས་བྱ་མི་ཆོག སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་ཟ་ཁང་གིས་འཁྱགས་གྲང་བཏང་བའི་དམར་ཟས་རིགས་ཀྱི་ཟས་རིགས་དང་། ཟས་རིགས་རྗེན་པའི་རིགས། གྲང་བཟོས་ཏན་ཞིམ་རིགས་སོགས་བཟོ་བ་དང་འཚོང་བ་སོགས་བྱ་མི་ཆོག ཚལ་རིགས་སྲན་མ་དང་ཧོང་ཧྭ་ཚལ་སོས་པ། རི་སྐྱེས་ཤ་མོ། མྱུ་གུ་འབུས་པའི་ཞོག་ཁོག་སོགས་ཉེན་ཁ་ཆེ་བའི་ཟས་རིགས་ལས་སྣོན་བྱ་མི་ཆོག
བརྒྱད། ངེས་པར་དུ་གཏན་འབེབས་ལྟར་ཕོར་པ་དང་སྡེར་མའི་རིགས་གཙང་འཁྲུ་དུག་སེལ་བྱ་དགོས། སློབ་གྲྭའི་ཟ་ཁང་ནང་གི་ཕོར་པ་དང་སྡེར་མའི་རིགས་དུས་ཐོག་ཏུ་གཙང་མ་འཁྲུ་བ་དང་དུག་སེལ་བྱ་དགོས་པ་མ་ཟད་ཆེད་སྤྱོད་གཙང་སེལ་སྒྲིག་ཆས་ནང་བླུགས་དགོས། གཙང་མ་བཀྲུས་མེད་པ་དང་དུག་སེལ་ཡག་པོ་བྱས་མེད་པའི་ཕོར་པ་དང་སྡེར་མའི་རིགས་བེད་སྤྱོད་བྱེད་པའམ་ཡང་ན་ཐེངས་གཅིག་རང་བཞིན་གྱི་ཤོག་ཕོར་སོགས་ཀྱི་རིགས་ཡང་བསྐྱར་བེད་སྤྱོད་བྱེད་པ་སོགས་གཏན་ནས་བྱ་མི་ཆོག
དགུ ངེས་པར་དུ་མཉམ་བཟའི་ལྟ་སྐུལ་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བ་བྱ་དགོས། སློབ་གྲྭས་མཉམ་བཟའི་ལམ་ལུགས་ལག་བསྟར་ནན་པོ་བྱ་དགོས་པ་དང་། དུས་བཀག་ལྟར་མཉམ་བཟའི་མི་སྣ་བཀོད་སྒྲིག་བྱས་ཏེ་སློབ་མའི་ཟ་མ་ཐུན་རེར་སློབ་གྲྭའི་འབྲེལ་ཡོད་འགན་འཁུར་བས་སློབ་མ་དང་མཉམ་དུ་ཟ་མ་བཟའ་རྒྱུ་འགན་ལེན་བྱ་དགོས། ཆ་རྐྱེན་ཡོད་པའི་སློབ་གྲྭ་འབྲིང་ཆུང་གིས་ཁྱིམ་བདག་གི་མཉམ་བཟའི་ལམ་ལུགས་འཛུགས་དགོས།
བཅུ། ངེས་པར་དུ་གཏན་འབེབས་ལྟར་ཟས་རིགས་བདེ་འཇགས་ཀྱི་དོན་རྐྱེན་ཐག་གཅོད་བྱ་དགོས། ཟས་རིགས་བདེ་འཇགས་ཀྱི་དོན་རྐྱེན་ནམ་ཟས་རིགས་ལས་ཐོན་པའི་ན་ཚ་ཐོན་སྐབས། ངེས་པར་དུ་ལམ་སེང་བྱ་ཐབས་བཟུང་སྟེ་དུས་ཐོག་ཏུ་འབྲེལ་ཡོད་ཚན་པར་སྙན་སེང་ཞུ་དགོས་པ་དང་། གནས་ཚུལ་སྦ་གསང་བྱེད་པ་དང་། སྙན་སེང་རྫུན་ཞུ་བྱེད་པ། དུས་འགྱངས་སྙན་སེང་ཞུ་བ་བཅས་གཏན་ནས་བྱ་མི་ཆོག་པ་མ་ཟད་བརྟག་དཔྱད་དང་ཐག་གཅོད་བྱ་རྒྱུར་གཞོགས་འདེགས་བྱ་དགོས།
སློབ་གྲྭའི་ཟ་ཁང་གི་ལས་དོན་མི་སྣས“གཏན་ནས་བྱེད་མི་ཆོག་པ་བཅུ”
གཅིག གོ་ཆོད་བདེ་ཐང་དཔང་ཡིག་མེད་པའི་མི་སྣས་ཟས་རིགས་དང་ཐད་ཀའི་འབྲེལ་བ་ཡོད་པའི་ལས་ཀ་བྱེད་དུ་འཇུག་མི་ཆོག
གཉིས། རྒྱལ་ཁབ་ནས་བཟའ་འཐུང་ལས་རིགས་ནང་བེད་སྤྱོད་བྱས་མི་ཆོག་པར་གཏན་འབེབས་བྱས་པའི་ཟས་རིགས་སྦྱོར་རྟ་དང་། དུག་ལྡན་གནོད་ཡོད་དངོས་པོ། དེ་བཞིན་དུས་ཚོད་ཡོལ་བ་དང་། རུལ་སླད་དུ་སོང་བ་སོགས་ཟས་རིགས་བདེ་འཇགས་ཀྱི་ཚད་གཞི་དང་མི་མཐུན་པའི་རྒྱུ་ཆ་དང་འབྲེལ་ཡོད་ཐོན་རྫས་ཉོ་སྒྲུབ་གཏན་ནས་བྱ་མི་ཆོག
གསུམ། བཅའ་ཁྲིམས་ཁྲིམས་སྲོལ་ནང་ཐོན་སྐྱེད་གཉེར་སྐྱོང་བྱས་མི་ཆོག་པར་གཏན་འབེབས་བྱས་པའི་ཟས་རིགས་ལས་སྣོན་བྱ་མི་ཆོག་པ་དང་། ལས་སྣོན་བྱེད་པའི་བརྒྱུད་རིམ་ནང་བཅའ་ཁྲིམས་ཁྲིམས་སྲོལ་ནང་གཏན་འགོག་བྱས་པའི་བྱ་སྤྱོད་ཡོད་མི་ཆོག
བཞི། གཙང་འཁྲུ་དུག་སེལ་བྱས་མེད་པའི་ལས་གོས་དང་ཁ་རས་སོགས་གྱོན་མི་ཆོག་ལ། ལག་པ་གཙང་མ་མེད་པར་ཟས་རིགས་ལས་སྣོན་བྱ་མི་ཆོག
ལྔ། ཟས་རིགས་གཙང་སེལ་ཁུལ་དུ་ཟས་རིགས་ལ་བཙོག་སྐྱོན་ཤོར་སླ་བའི་ལས་ཀ་བྱེད་པའམ་ཟས་རིགས་གཙང་སེལ་ཁུལ་གྱི་ཕྱི་རོལ་དུ་ཟས་རིགས་ལས་སྣོན་དང་ལྟོ་སྣོད་ལ་དུག་སེལ་སོགས་བྱ་མི་ཆོག
དྲུག རྗེན་པ་དང་བཙོས་ཟིན་པའི་ཟས་རིགས་མཉམ་དུ་འཇོག་པ་དང་། གཡོས་སྦྱོར་ལག་ཆ་མཉམ་སྤྱོད་བྱེད་པ་སོགས་བྱ་མི་ཆོག
བདུན། མི་སྒེར་གྱི་ཅ་དངོས་དང་ཟས་རིགས། ཕོར་པ་སོགས་མཉམ་དུ་འཇོག་མི་ཆོག
བརྒྱད། གཙང་མ་བཀྲུས་མེད་པ་དང་དུག་སེལ་ཡག་པོ་བྱས་མེད་པའི་ཕོར་སྡེར་དང་སྣོད་ཆས་བེད་སྤྱོད་བྱ་མི་ཆོག
དགུ བཅའ་ཁྲིམས་ཁྲིམས་སྲོལ་དང་སྒྲིག་སྲོལ་གྱི་བླང་བྱ་ལས་འགལ་ནས་ཟས་སྙིགས་བསྐྱུར་མི་ཆོག
བཅུ། ཟས་རིགས་བདེ་འཇགས་ཀྱི་དོན་རྐྱེན་སྦ་གསང་བྱེད་པ་དང་། རྫུན་ཞུ་བྱེད་པ། དུས་འགྱངས་སྙན་སེང་ཞུ་བ་སོགས་བྱ་མི་ཆོག ཚད་དང་མི་མཐུན་པའི་ཟས་རིགས་སམ་ཡང་ན་འབྲེལ་ཡོད་དཔང་རྟགས་སྦས་པ་དང་། རྫུན་མ་བཟོ་བ། མེད་པ་བཟོ་བ་སོགས་བྱ་མི་ཆོག་པ་བཅས་རེད།