ཟླ3པའི་ཚེས19ཉིན། མཚོ་སྔོན་ཧྥེ་ཏི་གློག་སྨན་ཚད་ཡོད་ཀུང་སིའི་ཐོན་སྐྱེད་ཁང་དུ་བསྐྱོད་སྐབས་རང་འགུལ་ཐོན་སྐྱེད་འཁོར་ལམ་འཁོར་སྐྱོད་བྱེད་བཞིན་ཡོད་པ་དང་། ལིས་གསོག་གློག་སྨན་ཁག་ཅིག་མགྱོགས་མྱུར་ངང་སྒྲིག་སྦྱོར་བྱས་ཏེ་མི་འགྱངས་བར་ཕྱི་རྒྱལ་གྱི་ཁྲོམ་རར་གཏོང་རྩིས་ཡོད། ཁེ་ལས་འདིའི་བྲེལ་ཟིང་གི་རྣམ་པ་ནི་མཚོ་སྔོན་ནུས་ཁུངས་གསར་བའི་ཐོན་རྫས་དབྱར་མཚོ་རྒྱས་པ་ལྟར་འཕེལ་བའི་བསྡུས་གཟུགས་ཤིག་ཡིན། ཟི་ལིང་སྒོ་གཅན་ལས་ཁུངས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། ད་ལོའི་ཟླ་བ་དང་པོ་དང་གཉིས་པའི་ནང་ཞིང་ཆེན་ཡོངས་ཀྱིས་ལིས་གློག་སྨན་དང་འོད་ཤུགས་ཐོན་རྫས་ཚབ་བྱེད་ཏུ་གྱུར་བའི་ནུས་ཁུངས་གསར་བའི་ཐོན་རྫས་ཁྱོན་བསྡོམས་ཕྱིར་གཏོང་བྱས་ཚད་སྒོར་དུང་ཕྱུར4. 3ལ་སླེབས་ཡོད་ལ། ན་ནིང་གི་དུས་མཉམ་ལས28. 3%འཕར་ཡོད། ཕྱིར་གཏོང་ཁྲོམ་ར་ཡང་རྒྱུན་མཐུད་ངང་རྒྱ་བསྐྱེད་ནས་ན་ནིང་གི་དུས་མཉམ་དང་དང་བསྡུར་ན་ཚོང་གྲོགས3གྱིས་ཇེ་མང་དུ་སོང་ཡོད།
རྒྱུས་ལོན་བྱས་པ་ལྟར་ན། ལིས་གློག་སྨན་ནི་ཉེན་ཁ་ཡོད་པའི་དངོས་ཟོག་གི་ཁོངས་སུ་གཏོགས་པས་ཐུམ་སྒྲིལ་ཞིབ་བཤེར་གྱི་གོ་རིམ་ཁྲོད་ཏུ་གྲལ་བསྒྲིགས་པ་དང་ཡང་ན་བསྐྱར་ལས་བྱས་ཚེ་གཏན་འཁེལ་བྱས་པའི་སྐྱེལ་འདྲེན་འཆར་གཞིའི་རྗེས་ཟིན་མི་ཐུབ་པ་དང། ཁ་ཆད་དང་འགལ་བའི་ཉེན་ཁ་ཡོད། ཁེ་ལས་ཀྱི་དཀའ་གནད་དང་འགག་གནད་ལ་དམིགས་ནས་ཟི་ལིང་སྒོ་གཅན་ལས་ཁུངས་ཀྱི་མགོ་གཙོས་སྲིད་ཇུས་སྒོ་ཁར་སྐྱེལ་བའི་ལམ་སྲོལ་འདོན་སྤེལ་གང་ལེགས་བྱས་པ་དང་། ལིས་གློག་སྨན་ཕྱིར་གཏོང་ཐེངས་གྲངས་མང་བ་དང་སྐྱེལ་འདྲེན་དུས་ཡུན་ཐུང་བའི་གནད་དོན་ལ་དམིགས་ནས་ཁེ་ལས་རེ་ལ་བྱེད་ཐབས་རེ་ཡི་གནད་འཁེལ་རོགས་སྐྱོར་བྱེད་ཐབས་སྤྱད་དེ། ‘ཞིབ་བཤེར་ར་སྤྲོད+ཚད་ལྡན་འགན་ལེན’བྱེད་ཐབས་འཚོལ་ཞིབ་བྱས་ཏེ་ཉེན་ཡོད་དངོས་ཟོག་ཐུམ་སྒྲིལ་ཕྱིར་གཏོང་བྱེད་པར་གསལ་འབྱེད་ཞིབ་བཤེར་བྱེད་ཐབས་སྤྱད་པས་ཁོངས་གཏོགས་ས་ཁུལ་གྱི་ཉེན་ཡོད་དངོས་ཟོག་ཐུམ་སྒྲིལ་ཞིབ་བཤེར་བྱེད་པའི་དུས་ཚོད་མངོན་གསལ་གྱིས་ཇེ་ཐུང་དུ་ཕྱིན་ནས་ཁེ་ལས་ཀྱི་མཛོད་ཉར་འཁོར་རྒྱུག་བྱེད་ཚད་མཐོ་རུ་བཏང་ཡོད།
དེ་དང་ཆབས་ཅིག་སྒོ་གཅན་ལས་ཁུངས་ཀྱིས་ད་དུང་དུས་བཅད་ཞིབ་བཤེར་དང་སྙན་ཞུ་ཞུས་མ་ཐག་ཞིབ་བཤེར་བྱེད་པ་སོགས་སྟབས་བདེའི་བྱེད་ཐབས་བཏོན་ཡོད་ལ། ཁེ་ལས་ཀྱིས་སྐྱེལ་འདྲེན་འཆར་གཞི་གཞིར་བཟུང་ནས་བབ་བསྟུན་གྱིས་དངོས་ཟོག་ཕྱིར་གཏོང་བཀོད་སྒྲིག་བྱེད་ཐུབ་པར་གྱུར་ཡོད།