ཟླ3པའི་ཚེས30ཉིན། མཚོ་ཤར་གྲོང་ཁྱེར་གྱི2026ལོའི་དུས་ཚིགས་དང་པོའི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཀྱི་ལྟེ་བའི་དམིགས་ཚད་ཁག་བཏོན་པ་དང་། ཆུ་དང་རླུང་ཁམས་ཆེན་མོ། ས་རྒྱུ། སྲ་སྙིགས་བཅས་ཀྱི་བཅོས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། སྐྱེ་ཁམས་ཁོར་ཡུག་མ་ལག་དང་དེ་བཞིན་མ་དངུལ་རྣམ་གྲངས25གོ་རིམ་ལྡན་པའི་ངང་སྤེལ་ཡོད།
ཆུའི་ཁོར་ཡུག་ཐད་ཟླ་དང་པོ་ནས་ཟླ་གསུམ་པའི་བར་རྒྱལ་ཁབ་དང་ཞིང་ཆེན་དང་གྲོང་ཁྱེར22ཀྱི་ཚོད་འཛིན་བཅད་ངོས་ཀྱི་ཆུ་གཤིས་ཚད་ཚང་མ་རིགས་གསུམ་པ་དང་དེའི་ཡན་ཆད་ཀྱི་ཚད་གཞིར་སླེབས་ནས་ཚད་གཞིར་སླེབས་ཚད100%ཟིན་པ་དང་། རྨ་ཆུ་དང་རྟ་ཐང་ཆུ་བོའི་ཞིང་ཆེན་ནས་ཐོན་པའི་བཅད་ངོས་ཀྱི་ཆུ་གཤིས་ཚད་རིགས་དང་པོ་ཟིན་ཡོད། ཙོང་ཆུ་ཞིང་ཆེན་ནས་ཐོན་པའི་བཅད་ངོས་ཀྱི་ཆུ་གཤིས་རིགས་གཉིས་པ་ཟིན། རྫོང་རིམ་པའི་བཏུང་ཆུའི་ཆུ་ཁུངས9ཡི་ཆུ་གཤིས་ཚང་མ་ཚད་གཞིར་སླེབས་པ་དང་། གྲོང་ཁྱེར་འཛུགས་སྐྲུན་གྱི་བཙོག་ཆུ་འགུལ་རྣམ་གཙང་སེལ་བྱས། རླུང་ཁམས་ཆེན་མོའི་ཐད་ཐལ་རྡུལ་འཛིན་སྡོམ་ལ་ཤུགས་བསྣན་ཏེ་ཁྲའེ་སྣུམ་གྱི་ཟོང་འཁོར་འཐེན་བཤེར་དང་། ཐལ་རྡུལ་བསགས་པའི་ལྟ་ཞིབ་ཚད་ལེན། སོག་མ་མེར་སྲེག་པ་དང་དེ་བཞིན་གཙོ་གནད་ལས་རིགས་བཅོས་སྐྱོང་བཅས་ལ་སྐུལ་འདེད་བཏང་ནས་འཛེར་སྒྲའི་སྦག་བཙོག་འགོག་བཅོས་དུས་མཉམ་དུ་བྱས་ཏེ། ཟླ3པའི་ཚེས26ཉིན་བར་གྲོང་ཁྱེར་ཡོངས་ཀྱི་PM2.5ཡི་གར་ཚད་ཝེ་ཁེ43ཟིན།
ས་རྒྱུ་དང་སྲ་སྙིགས་ཐད། ཁྲིམས་འགལ་ངང་སྲ་སྙིགས་ཕོད་པའི་དཔེ་གཞི་དོན་ཚན་བཞི་བརྒྱ་གྱ་དྲུག་གི་ཞིབ་བཤེར་དང་དོ་དམ་ཡོངས་འགྲུབ་བྱས་ནས་ཁེ་ལས་ཕྲན་ཆུང་གི་ཉེན་ཁ་ཆེ་བའི་སྲ་སྙིགས་བསྡུ་རུབ་ཚོད་ལྟར་སྐུལ་འདེད་བཏང་བ་དང་། ཉེན་ཁ་ཆེ་བའི་སྲ་སྙིགས་དོ་དམ་ཚད་ལྡན་དུ་བཏང་བར་མ་ཟད། ས་རྒྱུའི་སྦགས་བཙོག་འགོག་བཅོས་གཏིང་ཟབ་ཏུ་བཏང་ཞིང་། ཚྭ་མཚོའི་རྫས་འགྱུར་བཟོ་ལས་ཁེ་ལས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་དག་ཐེར་ལེགས་བཅོས་བྱས་པ་དང་། ཁྲིམས་འགལ་ངང་སྲ་སྙིགས་ཕོད་པའི་ཐད་ཀྱི་ལོ་གསུམ་ཆེད་དོན་འགུལ་སྐྱོད་ལག་བསྟར་བྱས་ནས་ཞིང་སྡེའི་འཚོ་བའི་བཙོག་ཆུ་གཙང་སེལ་ལག་བསྟར་ཇུས་གཞི་སྒྲིག་བཟོ་ཡོངས་འགྲུབ་བྱས།
དེ་ལས་གཞན། ལས་གཞི་འཛུགས་སྐྲུན་གྱི་དམིགས་འབེན་ལ་དམིགས་ནས་སྐྱེ་ཁམས་ཁོར་ཡུག་རྣམ་གྲངས་ཉེར་ལྔ་སྐུལ་འདེད་བཏང་། ཆུའི་སྦགས་བཙོག་འགོག་བཅོས་ཁྱབ་ཁོངས་ཀྱི་མཐུད་བསྐྲུན་རྣམ་གྲངས་བདུན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས་ཟླ་ལྔ་པའི་སྔོན་ལ་ཡོངས་འགྲུབ་བྱེད་པ་དང་། གསར་སྐྲུན་རྣམ་གྲངས་བཞི་དུས་ལྟར་འགོ་རྩོམ་པར་འགན་ལེན་བྱས། རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ཁྱབ་ཁོངས་ཀྱི་མཐུད་སྐྲུན་རྣམ་གྲངས་གསུམ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་བ་དང་། གསར་སྐྲུན་རྣམ་གྲངས་དྲུག་བདེ་བླག་ངང་ལས་འགོ་བརྩམས། ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་མཐུད་སྐྲུན་རྣམ་གྲངས་ལྔ་བསྐྱར་སྐྲུན་བྱས་པ་དང་། སྔོན་དཔག་བྱས་ན་ཟླ་བདུན་པར་ལེགས་འགྲུབ་འབྱུང་ངེས། མིག་སྔར་བསྡོམས་པས་གཏན་འཇགས་རྒྱུ་ནོར་ཐད་ཀྱི་མ་དངུལ་སྒོར་བྱེ་བ་བདུན་ལྷག་ཡོངས་འགྲུབ་བྱས་ཡོད་པ་དང་འཁོར་སྐྱོད་རྣམ་པ་བརྟན་ཐོག་ཡར་འཕེལ་བྱུང་ཡོད།