
ཉེ་སྔོན། ཧོང་ཀོང་རྒྱལ་སྤྱིའི་གཞོན་ནུའི་གློག་བརྙན་དུས་ཆེན་ཐེངས་དགུ་པའི་ནང་། བོད་ཀྱི་འཁྲབ་གཞུང་རྩོམ་པ་པོ་དོན་ཧོར་རམ་དོན་འགྲུབ་ཚེ་རིང་གིས་བྲིས་པའི་འཁྲབ་གཞུང《ཆག་སྒོ》ཞེས་པ་བརྙན་ཐུང་འཁྲབ་གཞུང་སྡེ་ཚན་ལས་ཕུལ་བྱུང་འཁྲབ་གཞུང་བྱ་དགའ་ཐོབ་ཡོད་པ་དང་། དེ་མིན་ཁོང་གིས་བྲིས་པའི་འཁྲབ་གཞུང《ཁོ་མོ་ཚོ》ཞེས་པ་ཡང་དུས་ཆེན་དེའི་འཁྲབ་གཞུང་སྡེ་ཚན་དུ་ལེགས་འདེམས་བྱུང་ཡོད། དེ་ནི་འཛམ་གླིང་གཞོན་ནུའི་གློག་བརྙན་བཟོ་མཁན་ཚོར་བསམ་བློ་བརྗེ་རེས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་པས། ཐེངས་འདིའི་བྱ་དགའ་དང་ལེགས་འདེམས་ནི་ས་གནས་གློག་བརྙན་གྱི་བརྗོད་བྱ་རྣམས་འཛམ་གླིང་གི་གར་སྟེགས་སུ་འགྲོ་བའི་ཐབས་ལམ་ཞིག་ཏུ་གྱུར་ཡོད།

འཁྲབ་གཞུང་འདི་དག་གི་བྱུང་བ་ནི་ཡུལ་ཤུལ་ས་གནས་ཀྱི་ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གནས་དང་འབྲེལ་བ་དམ་ཟབ་ཡོད་ཅིང་མི་སྣའི་སེམས་ཚོར་ནས་བརྗོད་སྟངས། འཚོ་བའི་ཉམས་མྱོང་ནས་རིག་གནས་གྲུབ་ཆའི་བར། མཐོ་སྒང་གི་རང་བྱུང་ཁམས་དང་རང་མི་རིགས་ཀྱི་འཚོ་གནས་རྣམས་འཁྲབ་གཞུང་གི་དམིགས་བསལ་གྱི་གཞི་རྟེན་བྱས་ཡོད། དེ་བས་ཁོང་གི་འཁྲབ་གཞུང་རྣམས་ནི་མི་སྒེར་གྱི་རྩོམ་རིག་ཙམ་མ་ཡིན་པར། ས་གནས་ལ་གཞི་བཞག་ནས་དུས་རབས་དང་འབྲེལ་བའི་རིག་གནས་བརྗོད་པ་ཞིག་ཀྱང་ཡིན།

ཉེ་ལམ། ཡུལ་ཤུལ་ཁུལ་ཁམས་སྐད་གློག་བརྙན་བསྒྱུར་བསྐྲུན་ལྟེ་གནས་ནས་བཏོན་པའི་དངོས་བཤུས་གློག་བརྙན《རྐང་ལམ་ཕྲ་མོ》ནི་ཁོང་གིས་སྤྱིའི་ཇུས་འགོད་དང་འཁྲབ་ཁྲིད་བྱས་པ་ཡིན་ཞིང་། བརྩམས་ཆོས་དེ་ཡང་སྐབས་བཅོ་ལྔ་པའི་ཀྲུང་གོའི་དངོས་བཤུས་གློག་བརྙན་སློབ་གླིང་གི་བྱ་དགའི་ནང་དུ་བདམས་ཐོན་བྱུང་ཡོད། བརྙན་དེས་རྩྭ་ཐང་གི་འཚོ་བ་བརྒྱུད་ནས་ས་གནས་ཀྱི་ཉམས་སྣང་དང་མི་སྣའི་སྐབས་བབས་རྣམ་པ་བསྟན་ཡོད།

དེ་མིན་ད་དུང་ཁོང་གིས་བྲིས་པའི་འཁྲབ་གཞུང《ལོ་ཟླའི་བཞུར་རྒྱུན》ཞེས་པར2024ལོའི་ཨེ་ཤ་ཡ་བརྙན་ཐུང་བྱ་དགའ་ལས་གཏམ་རྒྱུད་ཡག་ཤོས་ཀྱི་མཚན་སྙན་ཐོབ་མྱོང་བ་རེད།

ད་དུང་། ལོ་གསར་སྐབས་སུ་སྤེལ་བའི་བརྙན་ཐུང《ར་འདུག》ཅེས་པ་ཡང་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་ཐོབ་ཡོད་ཅིང་བརྙན་དེས་དགོད་བྲོ་བའི་བརྗོད་ཐབས་སྤྱད་དེ། ཟང་ཟིང་གི་འབྲེལ་བའི་བར་གནས་པའི་མི་སྣའི་འཚོ་བ་བསྟན་ཡོད།

འཁྲབ་གཞུང་རྩོམ་པ་པོ་དོན་འགྲུབ་ཚེ་རིང་།
མཐོ་སྒང་གི་ཡུལ་ཤུལ་ས་གནས་ནས་འཛམ་གླིང་གི་གར་སྟེགས་སུ་བསྲིངས་བཞིན་པའི་འཁྲབ་གཞུང་འདི་རྣམས་ནི་མི་སྒེར་ལམ་ལུགས་ཀྱི་རྒྱ་བསྐྱེད་ཙམ་མ་ཡིན་པར། ས་གནས་གློག་བརྙན་གྱི་རྒྱ་བསྐྱེད་དང་འཕེལ་རྒྱས་ཀྱི་ནུས་པ་ཡང་མཚོན་པ་ཡིན། ས་གནས་ལ་གཞི་བཞག་ནས་དུས་རབས་ལ་ཕྱོགས་པའི་འཁྲབ་གཞུང་རྣམས་མང་དུ་འཕེལ་བ་ཡིན་ན། མཐོ་སྒང་གི་གཏམ་རྒྱུད་གང་མང་ཡང་ཁྱབ་རྒྱ་ཇེ་ཆེ་རུ་སྤེལ་ཐུབ་ལ་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཐུན་མིན་གྱི་ཁྱད་ཆོས་རྣམས་ཀྱང་འཛམ་གླིང་གི་ལྡུམ་རར་མངོན་ཐུབ་ངེས་སྙམ།