སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་གི་མཛུབ་སྟོན་ཚན་ཆུང་གི་གསོ་སྦྱོང་ཚོགས་འདུ་འཚོགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་གི་མཛུབ་སྟོན་ཚན་ཆུང་གི་གསོ་སྦྱོང་ཚོགས་འདུ་ཚེས་སུམ་ཅུ་ཉིན་པེ་ཅིང་དུ་འཚོགས། ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སློབ་སྦྱོང་སློབ་གསོའི་མཛུབ་སྟོན་ལྟ་སྐུལ་བྱ་བར་སྐུལ་སློང་གསོ་སྦྱོང་བྱས།

ཚོགས་འདུ་ལས་བསྟན་དོན། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་མཛུབ་ཁྲིད་ཚན་ཆུང་བརྒྱད་ཧྲན་ཞི་དང་ལེའོ་ཉིང་། ཅང་ཞི། ཧྲན་ཏུང་། ཀོང་ཞི། ཧའེ་ནན། ཀུའེ་ཀྲོའུ། ཡུན་ནན་བཅས་དང་། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ། རྒྱལ་ཁབ་རིག་དངོས་ཅུས། ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་།  ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་དངུལ་ཁང་དང་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་། ཀྲུང་གོ་ཚེ་སྲོག་ཉེན་འགོག་ཉེན་སྲུང(སྡེ་ཚོགས)ཀུང་སི། ཀྲུང་གོའི་འཕྲུལ་འཁོར་ལྕི་རིགས་དང་པོའི་སྡེ་ཚོགས་ཚད་ཡོད་ཀུང་སི། ཀྲུང་གོ་རྫས་འགྱུར་བཟོ་ལས་མ་རྐང་ཚོད་འཛིན་ཚད་ཡོད་འགན་འཁྲི་ཀུང་སི། ཀྲུང་གོ་པའོ་ཝུའུ་ངར་ལྕགས་སྡེ་ཚོགས་ཚད་ཡོད་ཀུང་སི། ནན་ཁའེ་སློབ་ཆེན་དང་། ཝུའུ་ཧན་སློབ་ཆེན། ཀྲུང་ནན་སློབ་ཆེན་སོགས་ས་གནས་དང་སྡེ་ཁག20རུ་མངགས་ནས་སློབ་སྦྱོང་སློབ་གསོའི་མཛུབ་སྟོན་དང་ལྟ་སྐུལ་སློབ་སྟོན་ལས་དོན་སྤེལ་རྒྱུའི་ཐག་བཅད།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་ལ། དམིགས་འབེན་དང་ལས་འགན་ལ་དམིགས་ཏེ་ལྟ་སྐུལ་སློབ་སྟོན་ངོ་མ་བྱས་ནས། སྤུས་ཚད་མཐོ་བའི་མཛུབ་སྟོན་དང་ལྟ་སྐུལ་སློབ་སྟོན་ལས་དོན་གྱིས་སློབ་སྦྱོང་སློབ་གསོར་དངོས་ཕན་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།