ལས་ཞུགས་ནི་ཆེས་ཆེ་བའི་དམངས་འཚོའི་ལས་གཞི་དང་དམངས་སེམས་ཀྱི་ལས་གཞི། རྩ་བའི་ལས་གཞི་བཅས་ཡིན། ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་ལས་ཞུགས་བརྟན་པོ་དང་རྒྱ་བསྐྱེད་པའི་ལས་གཞི་དེ་དམངས་དོན་བྱ་བའི་རིགས་ཆེན་པོའི་གྲས་སུ་བཞག་ནས། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་རེད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དེ་ལས་ཞུགས་བྱ་བའི་སྣེ་ཁྲིད་སྡེ་ཁག་ཡིན་པའི་ཆ་ནས། ལས་ཞུགས་བྱ་བའི་གྲོས་དོན་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བའི་རྐྱེན་སྲོལ་ལ་བརྟེན་པ་དང་། ཕྱོགས་སོ་སོའི་མཉམ་ཤུགས་གཅིག་སྡུད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་ཞུགས་ལས་ཞུགས་མི་སྣ་ཁྲི་དྲུག་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་གྱི་ལས་ཞུགས་མི་ཐེངས་ས་ཡ་གཅིག་དང་ཁྲི་དྲུག་གི་དམིགས་འབེན་ལ་གཞིགས་ནས། ནུས་ཤུགས་ཡོད་རྒུས་ལོ་འཁོར་གྱི་ལས་འགན་དུས་ལྟར་འགྲུབ་པར་ཁག་ཐེག་བྱ་རྒྱུ་རེད།
སྦྲེལ་མཐུད་སྟེགས་བུ་བསྐྲུན་པའི་ཕྱོགས་ནས། དཔྱིད་རླུང་འགུལ་སྐྱོད་དང་དམངས་གཉེར་ཁེ་ལས་ཞབས་ཞུའི་ཟླ་བ་སོགས་སྤྱི་བའི་ལས་ཞུགས་ཆེད་དོན་བསྡུ་འགུག་བྱ་འགུལ་དེ་བྱེད་ཐབས་སུ་བརྩི་བ་དང་། མི་བཀོལ་ལས་ཁུངས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་བའི་དགོས་མཁོར་དམིགས་ནས། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་དང་། རྒྱུན་རྣམ་ཅན་དང་ཁྱད་ཆོས་ཅན་ཟུང་འབྲེལ་གྱི་བསྡུ་འགུག་ཞབས་ཞུའི་མ་ལག་བསྐྲུན་པ་དང་། སྐར་མ་བཅོ་ལྔའི་རིང་གི་ལས་ཞུགས་ཞབས་ཞུའི་ཚོགས་པ་བསྐྲུན་རྒྱུ་རེད། མི་བཀོལ་སྡེ་ཁག་སྡེ་བ་དང་སྡེ་ཁུལ། ཐོན་ལས་གླིང་ཁུལ་བཅས་སུ་བསྐྱོད་པར་ཁྲིད་སྟོན་བྱས་ཏེ། ཆུང་ཞིང་མཛེས་པ་དང་། ཆེད་དམིགས་ཡིན་ལ་སྤུས་ལེགས་ཡིན་པའི་ཆེད་དོན་བསྡུ་འགུག་བྱ་འགུལ་ཐེངས་མང་པོར་སྤེལ་ཞིང་། ལོ་ཧྲིལ་བོར་ལས་ཞུགས་ཞབས་ཞུའི་བྱ་འགུལ་ཕལ་ཆེར་ཐེངས་སུམ་བརྒྱ་ལྷག་རྩ་འཛུགས་བྱས་ནས། བསྡུ་འགུག་ལས་གནས་ཀྱི་ཆ་འཕྲིན་འབུམ་གཉིས་ལས་མི་ཉུང་བ་ཁྱབ་བསྒྲགས་བྱེད་དགོས།
ཚོགས་པ་གཙོ་བོར་རོགས་སྐྱོར་བྱེད་པའི་ཕྱོགས་ནས། སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་པ་དང་ལས་ཞུགས་ཞབས་ཞུ་ལེགས་སྒྱུར། སྦྲེལ་མཐུད་སྟེགས་བུ་བསྐྲུན་པ། ངལ་ལས་ཚོང་རྟགས་བསྐྲུན་པ། གཅིག་གཏད་གཅིག་གི་ངལ་ལས་སྐྱེལ་འདྲེན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ཐབས་བརྒྱ་ཇུས་སྟོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་བའི་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་དགོས། མཐོ་རིམ་མཐར་ཕྱིན་སློབ་མར་དམིགས་ནས། དངོས་མིང་ལམ་ལུགས་ཀྱི་དོ་དམ་ལེགས་སྒྱུར་བྱེད་པ་དང་། སྲིད་ཇུས་ཀྱི་སྒྲོག་འགྲེལ་ཐེངས་གཅིག་དང་ལས་ཞུགས་ཀྱི་མཛུབ་སྟོན་ཐེངས་གཅིག ལས་གནས་འོས་སྦྱོར་ཐེངས་གསུམ། རྩལ་ནུས་གསབ་སྦྱོང་དང་ལས་ཞུགས་ལྟ་སྦྱོང་ཐེངས་གཅིག་བཅས་ཀྱི་ཞབས་ཞུའི་བྱེད་ཐབས་དངོས་འབེབས་བྱེད་པ། སྲིད་ཇུས་རང་བཞིན་གྱི་ལས་གནས་རྒྱ་ཆེར་གཅིག་བསྡུ་བྱེད་པ། མཐོ་རིམ་མཐར་ཕྱིན་སློབ་མ་ལས་ཞུགས་ལྟ་སྦྱོང་དང་འདེགས་གསུམ་སྐྱོར་གཅིག་གི་ལས་གཞིའི་ཁྲོད་ཞུགས་པར་རྒྱབ་སྐྱོར་བྱེད་པ་དང་། ཚོགས་སྒྲིག་རྣམ་པའི་ལས་ཞུགས་ཞབས་ཞུ་ལེགས་པོར་བསྒྲུབ་པ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་ལས་ཞུགས་ལ་རོགས་ཤུགས་འདོན་རྒྱུ་རེད།