ཟླ3པའི་ཚེས26ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གི་མངའ་ཁོངས་ཀྱི་གནམ་གཤིས་ཇེ་དྲོད་དུ་གྱུར་བ་དང་བསྟུན་ནས། ཞིང་ཁ་རུ་བྲེལ་ཟིང་གིས་རྨོ་འདེབས་བྱེད་པའི་བྲེལ་འཚུབ་ཀྱི་རྣམས་པས་ཁེངས་ཡོད། མདོ་ལ་རྫོང་གིས་སྔ་མོ་ནས་བཀོད་སྒྲིག་དང་དོན་དངོས་སུ་ལག་བསྟར་བྱེད་པར་དམིགས་ཏེ། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཞིང་ལས་རྒྱུ་ཆས་འགན་སྲུང་། རྩལ་ནུས་སྤྲོད་པ་བཅས་ལ་བརྟེན་ནས་དཔྱིད་ཀའི་རྨོ་འདེབས་གྲ་སྒྲིག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། ལོ་ཧྲིལ་པོར་ཞིང་ཕྱུགས་ལས་ཐད་འབྲས་བུ་ལེགས་ཡོང་བར་རྨང་གཞི་བརྟན་པོ་བཏིང་།
མཐོ་སྒང་གི་ནམ་ཟླའི་ཁྱད་ཆོས་ལ་གཞིགས་ཏེ། མདོ་ལ་རྫོང་གིས་སྔ་མོ་ནས་དཔྱིད་འདེབས་བྱ་བའི་ཇུས་གཞི་བཟོས་ནས། འབྲུ་རིགས་དང་སྣུམ་རྫས་འདེབས་པའི་ལས་འགན་གྲོང་རྡལ་དང་སྡེ་བ། རུ་ཁག་བཅས་སུ་བགོས་ནས། “རྫོང་རིམ་པས་གཅིག་གྱུར་འཆར་འགོད་དང་། གྲོང་རྡལ་གྱིས་གཙོ་གནད་དུ་དམ་འཛིན་བྱེད་པ། སྡེ་བ་དང་རུ་ཁག་གིས་དོན་འཁྱོལ་བཅས་བྱེད་པའི”མཉམ་འགུལ་རྐྱེན་སྲོལ་བཙུགས། “ལས་བྱེད་པ་ཁྲི་གཞི་རིམ་དུ་སྐྱོད་པའི”བྱེད་སྒོར་བརྟེན་ནས། ཚན་རྩལ་ཞབས་ཞུའི་རུ་ཁག་ཞིང་ཁར་བསྐྱོད་དེ་སྲིད་ཇུས་སྒྲོག་འགྲེལ་དང་ལག་རྩལ་མཛུབ་ཁྲིད་བྱས་པ་དང་། ཞིང་བས་རགས་འདེབས་ཀྱི་རྣམ་པ་དོར་བར་སྐུལ་ཁྲིད་བྱས་ཏེ། ཚན་རིག་དང་མཐུན་པའི་ལྗང་མདོག་འདེབས་ལས་འདུ་ཤེས་ཁྱབ་གདལ་དུ་བཏང་།
དེ་དང་ཆབས་ཅིག“སྲིད་གཞུང་གི་གསོག་འཇོག་དང་ཁྲོམ་རའི་མཁོ་སྤྲོད”གཉིས་ཀྱི་མ་ལག་བཙུགས་ནས། མིག་སྔར་རྫས་ལུད་དང་ནས་ཀྱི་ས་བོན། ལོག་དཀར་གྱི་སོན་བཟང་སོགས་འགག་རྩའི་ཞིང་ལས་རྒྱུ་ཆ་གྲབས་གསོག་འདང་ངེས་བྱས་ཏེ་ཐོན་སྐྱེད་ཀྱི་དགོས་མཁོ་སྐོང་ཐུབ་པ་བྱུང་། སྡེ་ཁག་མང་པོ་དང་མཉམ་འབྲེལ་བྱས་ནས་ཞིང་ལས་རྒྱུ་ཆས་ཁྲོམ་ར་ཆེད་དམིགས་ཞིབ་བཤེར་བྱས་ཏེ། རྫུན་ལྷད་ཞན་གསུམ་དང་ཟོག་གོང་ཧམ་སྤར་སོགས་ཀྱི་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱས་ནས། ཞིང་བ་ཁྱིམ་ཚང་གིས“བློ་བདེ་བའི་ངང་ཞིང་ལས་རྒྱུ་ཆ”སྤྱོད་ཐུབ་པར་བྱས།
མཐོ་སྒང་གི་ཐོན་སྐྱེད་དགོས་མཁོར་དམིགས་ཏེ། ཞིང་ལས་ལག་རྩལ་དང་བླངས་ཞབས་ཞུའི་རུ་ཁག་གིས་ཡུལ་དངོས་སུ་སློབ་ཁྲིད་དང་ཁྱིམ་ཚང་དུ་བསྐྱོད་ནས་མཛུབ་ཁྲིད་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། ལུད་སྦྱོར་དང་ནད་འབུའི་གནོད་འཚེ་འགོག་བཅོས་སོགས་ཀྱི་དངོས་སྤྱོད་ལག་རྩལ་ཁྲིད་སྟོན་བྱས། ཞིང་ལས་འཕྲུལ་ཆས་ཞིབ་བཤེར་བཟོ་བཅོས་སྙོམས་སྒྲིག་ཚོད་ལྟ་དང་བདེ་འཇགས་གསོ་སྦྱོང་ལ་མཉམ་དུ་སྐུལ་འདེད་བཏང་ནས། ཞིང་ལས་འཕྲུལ་ཆས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་། དེ་ལས་གཞན། ཞིང་ཕན་ཁ་གསབ་གནད་འཁེལ་དོན་འཁྱོལ་བྱས་པ་དང་། དཔྱིད་ཀའི་རྨོ་འདེབས་ཀྱི་ཆེད་དམིགས་དངུལ་བུན་བསྐྱི་བའི་བྱ་བ་སྤེལ་ནས། ཞིང་ལས་ཉེན་ཚབ་ཁྱབ་གདལ་དུ་བཏང་བས། ཞིང་བ་ཁྱིམ་ཚང་གི་མ་དངུལ་གྱི་དཀའ་གནད་དང་གནོད་འཚེའི་ཉེན་ཁ་སེལ་ཏེ། ཞིང་བ་ཁྱིམ་ཚང་གི་དཔྱིད་འདེབས་ཐོན་སྐྱེད་ཀྱི་ཧུར་བརྩོན་རང་བཞིན་ལ་ཕྱོགས་ཡོངས་ནས་སྐུལ་སློང་བྱས།