བོད་ལྗོངས་ཀྱིས་ཞིང་བྲན་ཁྲི་ཕྲག་ལ་བཅིངས་འགྲོལ་ཐོབ་ནས་ལོ67འཁོར་བར་རྟེན་འབྲེལ་ཞུས།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ་གསུམ་པའི་ཚེས་ཉེར་བརྒྱད་ཉིན་ནི་བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཕྲག་ལ་བཅིངས་འགྲོལ་བྱས་ནས་ལོ67འཁོར་བའི་དྲན་གསོའི་ཉིན་མོ་ཡིན། བོད་ལྗོངས་ཀྱི་ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བྱེད་སྒོ་སྤེལ་ནས། དུས་རབས་གསར་པར་བསྟོད་གླུ་བླངས་པ་དང་། འཚོ་བ་གསར་པར་བསྔགས་བརྗོད་བྱས། 

ཚེས28ཉིན། ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ། མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི2000ལྷག“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོར་ཞུགས། ལྷ་སའི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ“ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས། ད་ལྟ་དམ་འཛིན་དང་། འབྱུང་འགྱུར་གསར་གཏོད”ཅེས་པའི་མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་གཟབ་རྒྱས་ངང་འཚོགས། བསྟུད་མར་ཉིན་འགའི་རིང་། ནག་ཆུ་དང་ཉིང་ཁྲི། ལྷོ་ཁ། ཆབ་མདོ། མངའ་རིས་སོགས་སུ་ད་དུང་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་དང་། སྐོར་བྲོའི་འགྲན་བསྡུར། དམངས་སྲོལ་འགྲེམས་འཁྲབ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ།

གཞིས་ཀ་རྩེ་དིང་རི་རྫོང་དུ་ན་ནིང་ཟླ་དང་པོར་ཚད་རིམ6.8ས་ཡོམ་བྱུང་བ་དང་། ཏང་དང་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་འབད་བརྩོན་འོག དིང་རི་རྫོང་གིས་ལོ་དེར་ཡོམ་རྗེས་བསྐྱར་སྐྲུན་ལེགས་འགྲུབ་བྱུང་སྟེ། གནོད་ཐེབས་མང་ཚོགས་ཁང་པ་གསར་པར་སྤོས། ད་ལྟ་མང་ཚོགས་ཀྱིས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས་སྲོལ་རྒྱུན་ཞབས་བྲོ་འཁྲབ་སྟེ། འཚོ་བ་གསར་པར་ཡིད་ཆེས་ཀྱིས་ཁེངས།

བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་གྲམ་མཚོ་ཞང་རྒུ་རུམ་སྡེ་བའི་སྡེ་མི། ནོར་བུ་ཡིས་བཤད་རྒྱུར།

ད་ལོ་ངས་རང་ཁྱིམ་གྱི་སྔར་ཡོད་ཇ་ཁང་གི་རྨང་གཞིའི་སྟེང་། ད་དུང་ཁང་མིག་ཁ་ཤས་རྒྱས་སྐྲུན་བྱས་ནས། འཚོ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་སུ་འཇུག་རྒྱུ་ཡིན།

ཉིན་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་ཀ་ལ་སྡེ་བའི་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པ་དེས། ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག སྡེ་བས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་དམིགས་ནས་མུ་མཐུད་དུ་ཤུགས་བསྣན་པས། ན་ནིང་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ས་ཡ་བརྒྱད་དྲུག་འབུམ་ལྷག་ལ་སླེབས།

བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་དཀར་ལ་སྡེ་བའི་སྡེ་མི། བུ་ཆོག་གིས་བཤད་རྒྱུར།

ན་ནིང་ང་ཚོའི་སྡེ་བའི་ཁྱིམ་ཚང་རེར་རིག་གནས་ཡུལ་སྐོར་གྱི་ཡོང་འབབ་ཁྲི་བརྒྱད་དགུ་ཡས་མས་རེ་བགོས། འབྱུང་འགྱུར་ང་ཚོ་དཀར་ལ་སྡེ་བའི་སྐད་གྲགས་སྔར་བས་ཆེ་རུ་ཕྱིན་ནས། ཡུལ་གཞན་གྱི་ཡུལ་སྐོར་བ་སྔར་ལས་མང་པོ་མཛེས་ལྗོངས་ལ་མྱོང་རོལ་བྱེད་དུ་ཡོང་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ཟེར།

ལོ67རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་འོག བོད་ལྗོངས་ཀྱི་ལས་དོན་སོ་སོ་ལ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་བླངས། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བོད་ལྗོངས་འཕེལ་རྒྱས་ལེགས་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་དངོས་ཕན་ཆེ་ཤོས་བཅས་ཐོབ་པའི་ལོ་རྒྱུས་ཀྱི་དུས་སྐབས་སུ་སླེབས།

2025ལོར། བོད་ལྗོངས་ས་ཁུལ་གྱི་སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་སུམ་ཁྲི་སུམ་སྟོང་དྲུག་བརྒྱ་ཡིན། མཐོ་སྒང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ཤ་སྒོང་འོ་གསུམ་དང་སྔོ་ཚལ་ཐོན་ཚད་ཏུན་བྱེ་བ་ལས་བརྒལ། དག་གཙང་ནུས་ཁུངས་ཐོན་ལས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། 2025ལོའི་ལོ་མཇུག་བར། བོད་ལྗོངས་ཀྱི་དག་གཙང་གློག་ཤུགས་རྒྱལ་ཡོངས་ཀྱི་ཞིང་ཆེན19ལ་ཁྱབ།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཚུགས་པའི་ལོར། བོད་ལྗོངས་ཀྱིས་མཐོ་སྒང་ཁྱད་ལྡན་ཞིང་ཕྱུགས་དང་། རིག་གནས་ཡུལ་སྐོར། དེང་རབས་ཞབས་ཞུ་སོགས་ཐོན་ལས་ཆེ་གྲས་དགུ་འཕེལ་རྒྱས་ཤུགས་ཆེན་བཏང་ནས། མཛེས་སྡུག་ལྡན་པའི་གྲོང་ཚོ200གསར་སྐྲུན་བྱས་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་སྔར་བས་མཐོར་འདེགས་སུ་གཏོང་རྒྱུ་རེད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།