“ཞིང་ཆེན་གསུམ་དང་ཨུ་ལྷན་གཅིག”གིས་ཟི་ལིང་དུ་རྨ་ཆུའི་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ལག་བསྟར་བྱས་ཏེ་ལོ་འཁོར་གསུམ་ལོན་པའི་བྱ་འགུལ་སྤེལ།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

 

ཟླ3པའི་ཚེས27ཉིན། ཞིང་ཆེན་ཡོངས་ནས“འཛམ་གླིང་ཆུའི་ཉིན་མོ”དང“ཀྲུང་གོའི་ཆུའི་རེས་གཟའ”བརྗོད་དོན་བྱས་པའི་དྲིལ་བསྒྲགས་བྱ་འགུལ་གྱི་སྐབས་སུ། རྨ་ཆུའི་བར་རྒྱུད་དང་སྟོད་རྒྱུད་དོ་དམ་ཅུས་ཀྱིས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་དང་ཀན་སུའུ་ཞིང་ཆེན་ཆུ་བེད་ཐིང་། སི་ཁྲོན་ཞིང་ཆེན་ཆུ་བེད་ཐིང་བཅས་དང་མཉམ་འབྲེལ་བྱས་ཏེ། ཟི་ལིང་དུ་རྨ་ཆུའི་སྲུང་སྐྱོབ་བཅས་ཁྲིམས་ལག་བསྟར་བྱས་ཏེ་ལོ་འཁོར་གསུམ་ལོན་པར་རྟེན་འབྲེལ་ཞུ་བ་དང2026ལོའི“ཁྲིམས་ལྟར་རྨ་ཆུའི་མགོ་ཁུངས་ལ་སྲུང་སྐྱོབ་བྱས་ཏེ། ཐུན་མོང་གིས་ཆུའི་དྲ་བའི་དཔེ་རིས་གསར་ཏུ་འབྲི་བ”ཞེས་པའི་གཅིག་བསྡུས་དྲིལ་བསྒྲགས་བྱེད་སྒོ་སྤེལ།

བྱ་འགུལ་གྱི་ཡུལ་དངོས་སུ། ཚོགས་ཞུགས་མི་སྣ་དག་གིས་མཉམ་དུ《རྨ་ཆུའི་སྲུང་སྐྱོབ་བཅའ་ཁྲིམས》ཞེས་པའི་དྲིལ་བསྒྲགས་བརྙན་ཐུང་ལ་བལྟོས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལུགས་ལག་བསྟར་བྱས་པའི་ལོ་གསུམ་གྱི་རིང་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་། ཆུའི་ཐོན་ཁུངས་ཀྱི་དོ་དམ། ཁྲིམས་ལུགས་འཛུགས་སྐྲུན་གྱི་ཕུན་སུམ་ཚོགས་པའི་གྲུབ་འབྲས་ལ་ཕྱིར་དྲན་བྱས། དེ་དང་མཉམ་དུ། དང་བླངས་འཐུས་ཚབ་པས《རྨ་ཆུའི་མགོ་ཁུངས་སྲུང་སྐྱོབ་ཀྱི་གྲོས་གཞིའི་ཡི་གེ》སྒྲོག་འདོན་བྱས་ཏེ། དམངས་ཡོངས་ཀྱིས་ཁྲིམས་བརྩི་ཁྲིམས་སྲུང་བྱེད་པ་དང་། ཐུན་མོང་གིས་རྨ་ཆུར་སྲུང་སྐྱོབ་བྱེད་པའི་གྲོས་གཞི་བཏོན། འབྲེལ་ཡོད་འགོ་ཁྲིད་ཀྱིས་ཁྲིམས་བསྟར་སྐོར་ཞིབ་རུ་མི་དང་དང་བླངས་པའི་འཐུས་ཚབ་པར་དར་ཆ་གནང་བ་དང་། སློབ་མའི་འཐུས་ཚབ་པས་རྨ་ཆུ་སྲུང་སྐྱོབ་བཅོས་སྐྱོང་གི་འབྲེལ་ཡོད་དཔེ་ཚོགས་བྱིན་ཏེ། རྨ་ཆུའི་སྲུང་སྐྱོབ་འདུ་ཤེས་མིའི་སེམས་སུ་ཟུག་པར་སྐུལ་འདེད་བཏང་།

ཐེངས་འདིའི་བྱ་འགུལ་ནི་འབབ་རྒྱུད་སྲུང་སྐྱོབ་ཀྱི་འགྲིལ་ཤུགས་གཅིག་བསྡུས་བྱེད་ཆེད་ཡིན་ལ། རྨ་ཆུའི་མགོ་ཁུངས་ས་ཁུལ་གྱི་ཁྲིམས་སྐྱོང་འགན་སྲུང་ཆེར་བསྐྱེད་བྱེད་པ་དང་། སྤྱི་ཚོགས་མཐུན་སྦྱོར་དང་སྤྱི་དམངས་ཟབ་ཞུགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་རྣམ་པ་གྲུབ་པར་བྱེད་པ། སྤྱི་ཚོགས་ཧྲིལ་བོའི་རྨ་ཆུའི་མགོ་ཁུངས་སྲུང་སྐྱོབ་ཀྱི་རྣམ་པ་བསྐྲུན་པ། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྲ་བརྟན་དུ་གཏོང་བའི་རྣམ་པ་བཟང་བོ་གྲུབ་པ་བཅས་ལ་སྐུལ་འདེད་བཏང་ཡོད། དེ་དང་མཉམ་དུ། ཁྲིམས་ལུགས་ཤེས་བྱ་ལས་ཁུངས་དང་ཞིང་སྡེ། སྡོད་ཁུལ། སློབ་གྲྭ། ཁེ་ལས་བཅས་སུ་བསྐྱོད་དེ། རྨ་ཆུའི་མགོ་ཁུངས་ཀྱི་གཏམ་རྒྱུད་ལེགས་པོར་བཤད་པ་ལ་བརྟེན་ནས། ཁྲིམས་ལྟར་གཙང་བོར་བཅོས་སྐྱོང་བྱེད་པའི་འདུ་ཤེས་དྲིལ་བསྒྲགས་བྱས་ཏེ། སྤུས་ལེགས་ཆུའི་དྲ་རྒྱ་འཛུགས་སྐྲུན་གྱི་འཆར་གཞི་འགྲེམས་སྟོན་བྱས།

ཉེ་བའི་ལོ་འདི་འགའི་རིང་། མཚོ་སྔོན་གྱིས་གཅིག་གྱུར་བཀོད་འདོམས་བྱས་ཏེ་གཙང་གསུམ་མགོ་ཁུངས་ཀྱི་སྲུང་སྐྱོབ་དང་། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་བཅོས་སྐྱོང་། ཞིང་སྡེའི་ཁོར་ཡུག་བཅོས་སྐྱོང་། མཁའ་དབུགས་དང་ཆུ། ས་རྒྱུའི་འབག་བཙོག་བཅོས་སྐྱོང་སོགས་ཀྱི་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱས་ཏེ། རྨ་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་སྐྱེ་ཁམས་མ་ལག་གི་གནས་བབ་མངོན་གསལ་སྒོས་ཇེ་ལེགས་སུ་སོང་ཡོད་ལ། ཆུའི་མགོ་ཁུངས་ཀྱི་སྲུང་སྐྱོབ་ཚད་ལོ་རེའི་ཆ་སྙོམས་འཕེལ་ཚད་བརྒྱ་ཆའི6བརྒལ་བ་དང་། 2024ལོའི་རྨ་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་ཕྱིར་གཏོང་ཆུ་ཡི་ཚད་སྨི་རྒྱ་དཔངས་གྲུ་བཞི་ཐེར་ཆེན་གསུམ་དང་ཐེར་འབུམ་གཉིས་དུང་ཕྱུར་གཅིག་ཡིན་ལ། ན་ནིང་ལས་ཆ་སྙོམས་འཕེལ་ཚད་བརྒྱ་ཆའི24.5འཕར་ཡོད། “རྨ་ཀླུང་སྔོན་མོ་མཚོ་སྔོན་ཡུལ་དུ་དྭངས”ཞེས་པ་བཞིན་རྨ་ཆུའི་མགོ་ཁུངས་ལ་ཡང་བསྐྱར“མཚོ་མོ་སྟོང་གི་ངོ་མཚར”བའི་རྣམ་པ་མངོན།

ཡུལ་དངོས་སུ་དུས་མཉམ་དུ“རྨ་ཆུའི་མགོ་ཁུངས་ལ་སྲུང་སྐྱོབ། གཙང་བོའི་རླབས་རྒྱུན་ལ་བཅོས་སྐྱོང”ཞེས་པའི་རྨ་ཆུའི་མགོ་ཁུངས་ས་ཁུལ་གྱི“ཞིང་ཆེན་གསུམ་དང་ཨུ་ལྷན་གཅིག”གིས་མཉམ་འབྲེལ་གྱིས་ཁྲིམས་བསྟར་སྐོར་ཞིབ་ཆེན་དོན་བྱ་འགུལ་དང་། “རྨ་ཆུའི་ཆུ་ལ་གྲོན་ཆུང་བྱེད་པའི་རྒྱུན་མཐུད་འགུལ་སྐྱོད”ཞེས་པའི་ཆུའི་གྲོན་ཆུང་བརྗོད་བྱར་བྱས་པའི་བྱ་འགུལ། “ཁྲིམས་ལྟར་གཙང་བོར་སྲུང་སྐྱོབ་བྱས་ཏེ། དམངས་ཡོངས་མཉམ་དུ་བསྐྱོད་པ”ཞེས་པའི་དང་བླངས་ཞབས་ཞུའི་བྱ་འགུལ་བཅས་སྤེལ་ཏེ། ཆུ་བོའི་མགོ་ཁུངས་ལ་སྲུང་སྐྱོབ་དང་ཁྲིམས་སྐྱོང་འཛུགས་སྐྲུན་གོམ་སྟབས་བརྟན་པོས་མདུན་དུ་བསྐྱོད་པར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།