མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་ཁྲིམས་སྲོལ་གྱི་ཚད་གཞིའི་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས25ཉིན། གསར་འགོད་པས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི2026ལོའི་འཆར་ཅན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་དང་པོའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ཁྲིམས་སྐྱོང་ལ་བརྟེན་ནས་འགན་སྲུང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་ལམ་ལུགས་ལ་བརྟེན་ནས་གཞི་རྩ་སྲ་བརྟན་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་བསྡོམས་པས་ས་གནས་ཀྱི་ཚད་གཞི་སོ་བདུན་ཁྱབ་བསྒྲགས་བྱས་པ་དང་། ཚད་གཞི་ནན་མོར་བརྟེན་ནས་ཚད་མཐའ་བརྟན་སྲུང་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་སྐྱོང་རྨང་གཞི་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་།

2025ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་འགྱེད་འཕྲོའི་ཁོར་ཡུག་ལྟ་སྐུལ་དོ་དམ་བྱེད་ཐབས་ཕྱིར་བཏོན་ནས་འགྱེད་འཕྲོའི་ལྟ་སྐུལ་དོ་དམ་སོགས་སྔར་ལས་ཚད་ལྡན་དུ་བཏང་། མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་སྲ་གཟུགས་སྙིགས་རོའི་གོ་རིམ་ཧྲིལ་བོའི་ཁོར་ཡུག་དོ་དམ་ལམ་ལུགས་སོགས་སྲིད་ཇུས་ཡིག་ཆ་གཏན་འབེབས་བྱས་ཏེ“1+11”གི་བཟོ་ལས་སྲ་གཟུགས་སྙིགས་རོའི་དོ་དམ་ལམ་ལུགས་མ་ལག་བསྐྲུན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྲ་གཟུགས་སྙིགས་རོའི་འབག་བཙོག་ཁོར་ཡུག་འགོག་བཅོས་སྲོལ་ཡིག་གི་ཁྲིམས་འཛུགས་ལས་རིམ་ཇེ་མགྱོགས་སུ་བཏང་ནས2026ལོར་ཕྱིར་འདོན་པའི་ཁྲིམས་འཛུགས་ལས་གཞིའི་ཁྲོད་འཇོག་རྒྱུ་རེད།  ཞིང་སྡེའི་བཙོག་ཆུ་ཐག་གཅོད་སོགས་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ས་གནས་ཀྱི་ཚད་གཞི་བཞི་གཏན་འབེབས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་སྲོལ་ཚད་གཞིའི་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་།

ཞིང་ཆེན་རིམ་པའི་སྡེ་ཁག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འགན་འཁྲིའི་གསལ་ཁྲ་བཟོ་བཅོས་ལག་བསྟར་བྱས་ཏེ་སྡེ་ཁག་ང་གཉིས་ཀྱི་ཞིབ་ཕྲའི་ལས་འགན་ཉིས་བརྒྱ་དྲུག་ཅུ་ཇེ་ཞིབ་ཏུ་བཏང་། 2025ལོར་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པར་སྐྱིན་འཚབ་འཇལ་བའི་གྱོད་གཞི་བརྒྱ་དང་ལྔ་ལག་བསྟར་བྱས་པ་དང་། དེ་དུས་མཉམ་ལས་བརྒྱ་ཆའི་ཞེ་བརྒྱད་འཕར་ཡོད། ཞིང་ཆེན་ཞིབ་དཔྱོད་ཁང་སོགས་སྡེ་ཁག་དགུ་དང་མཉམ་དུ་གནོད་འཚེའི་སྐྱིན་འཚབ་དང་སྤྱི་བའི་གཏུག་བཤེར་གྱི་སྦྲེལ་མཐུད་རྐྱེན་སྲོལ་བཙུགས་ནས་སྐྱེ་ཁམས་ཁོར་ཡུག་གི་དགེ་མཚོན་གྱོད་གཞི་བཅུ་མཉམ་དུ་ཁྱབ་བསྒྲགས་བྱས་ཏེ་སྤྱི་ཚོགས་ལ་སྐྱེ་ཁམས་ལ་རིན་ཐང་ཡོད་པ་དང་གནོད་འཚེ་བཏང་ན་འགན་འཁུར་དགོས་པའི་སྐྱེ་ཁམས་ཁྲིམས་སྐྱོང་འདུ་ཤེས་རྒྱ་ཁྱབ་ངང་དྲིལ་སྒྲོག་བྱས།

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་དམངས་ཆེན་ཁོར་ཡུག་ཐོན་ཁུངས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཁྲིམས་འཛིན་ཐིང་དང་རང་འགུལ་སྒོས་སྦྲེལ་མཐུད་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་ས་གནས་ཀྱི་ཚད་ལྡན་ལས་གཞི་བསྡུ་རུབ་དང་གཏན་འབེབས། ཁྱབ་བསྒྲགས་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་པ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཁོར་ཡུག་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་ནས་སྐྱེ་ཁམས་ཁོར་ཡུག་གི་ཁྱབ་ཁོངས་གཙོ་བོའི་ལམ་ལུགས་མཁོ་སྤྲོད་འཐུས་ཚང་དུ་གཏོང་རྒྱུ་རེད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།