ཟླ3པའི་ཚེས26ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ལྗང་མདོག་རྩིས་ནུས་ཐོན་ལས་ཆེད་མཁས་པའི་བློ་འདོན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་གིས་ཆེད་མཁས་པའི་བློ་འདོན་ཨུ་ཡོན་ལྷན་ཁང་གི་གསར་དུ་ཁ་སྣོན་བྱས་པའི་ཨུ་ཡོན་ལ་གདན་ཞུའི་ཡི་གེ་སྤྲད་པར་མ་ཟད་གཏམ་བཤད།
གྲོས་ཚོགས་ལས་བསྟན་དོན། ལོ་གཅིག་གི་རིང་། མཚོ་སྔོན་གྱིས་ལྗང་མདོག་རྩིས་ནུས་འཕེལ་རྒྱས་གཏོང་རྒྱུ་དེ་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བའི་བྱ་བ་གལ་ཆེན་ཞིག་ཏུ་བརྩིས་ནས་སྟོབས་ཤུགས་ཡོད་རྒུས་རྩིས་ནུས་ཕྱིར་གཏོང་གི་ནུབ་རྒྱུད་ཀྱི་མཐོ་ས་དང་རྩིས་ནུས་མཐུན་སྦྱོར་གྱི་གསར་གཏོད་དཔེ་མཚོན་བསྐྲུན་པ་དང་། ཐོན་ལས་གནས་བཞིའི་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་ཤུགས་བཏོན་ནས་ལྗང་མདོག་རྩིས་ནུས་དེ་མཚོ་སྔོན་གྱི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་དང་འགྲན་ལམ་གསར་པ། དགེ་མཚན་གསར་པར་འགྱུར་བར་བྱས། ཆེད་མཁས་པའི་བློ་འདོན་ཨུ་ཡོན་ལྷན་ཁང་གིས་སྔོན་ཐོན་གྱི་རིག་གཞུང་ཆེད་ལས་དང་སྣ་མང་གི་ཐོན་ཁུངས་སྦྲེལ་མཐུད། སྟོབས་དང་ལྡན་པའི་སྣེ་ཁྲིད་ནུས་པ་བཅས་ཀྱི་དགེ་མཚན་སྔར་ལས་འདོན་སྤེལ་བྱེད་པ་དང་། འཐབ་ཇུས་ཀྱི་བློ་འདོན་པ་དང་ལག་རྩལ་གྱི་བློ་འདྲི་ས། འབྲེལ་ཟམ་བཅས་བཟང་བོ་བྱེད་པ། ཐོན་ལས་འཆར་འགོད་དང་སྲིད་ཇུས་གསར་གཏོད། ལག་རྩལ་ཐོལ་བརྒལ་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ནས་ཚད་ལྡན་གཏན་འབེབས་དང་ལག་རྩལ་ལམ་ཕྱོགས། ནུས་པ་མཐོར་འདེགས། བདེ་འཇགས་དོ་དམ་ཚོད་འཛིན་སོགས་ཕྱོགས་ནས་བློ་འདོན་ཇུས་འབུལ་བཟང་བོ་བྱེད་པ། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་དང་ཐོན་ལས་སྐྱེ་ཁམས་འཛུགས་སྐྲུན་ཐད་རོགས་འདེགས་བཅས་བྱས་ཏེ་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་དང་མི་ཐབས་རིག་ནུས་ཐོན་ལས་འཆར་འགོད་འཕེལ་རྒྱས་ཐད་ཐབས་ཇུས་ཀྱི་གཞི་འཛིན་ས་དང་གཞུང་ལུགས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་རྒྱུའི་རེ་བ་བཅངས་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཉམ་དུ་རིག་མཛོད་གཉེར་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་ཞབས་ཞུའི་འགན་སྲུང་ཇེ་དྲག་ཏུ་གཏོང་བ་དང་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། འབྲེལ་འདྲིས་བྱེད་ཐབས་ལེགས་བསྒྱུར་བཅས་བྱས་ནས་མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་སྟེང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝུའུ་ཧི་ཆོན་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཝུའུ་ཧྲི་མེན། ཆེད་མཁས་པའི་བློ་འདོན་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ། ཆེད་མཁས་པའི་ཨུ་ཡོན་གྱི་འཐུས་མི་གཞན་པ་བཅས་ཀྱི་བརྗེ་རེས་གཏམ་བཤད་བྱས། ཀྲུང་གོ་ཆ་འཕྲིན་འཕྲིན་གཏོང་ཞིབ་འཇུག་ཁང་གིས2026ལོའི་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་སྙན་ཞུ་འགྲེལ་ཀློག་བྱས།