སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་འཐབ་ཇུས་དམིགས་འབེན་ནི་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དེ་རང་རྒྱལ་གྱི་དུས་རབས་གསར་པའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྣེ་ཁྲིད་པའི་སྒོ་ཆེན་ཞིག་ཏུ་ཧུར་ཐག་གིས་གཏོད་དགོས་པ་ཡིན་ཞེས་བསྟན། གླིང་ཕྲན་ཡོངས་ཀྱི་སྒོ་རྒྱག་འཁོར་སྐྱོད་བརྟན་པོའི་ངང་སྤེལ་བཞིན་པར་བསྟུན་ནས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་སྲིད་ཇུས་ཀྱི་ཁེ་སྤོགས་རྒྱུན་མཐུད་ངང་གློད་བཞིན་ཡོད་པ་དང་། ཆུ་ཚད་མཐོ་བའི་སྒོ་འབྱེད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པའི་རྣམ་པ་གསར་པ་མངོན་ཏེ། སྒོ་འབྱེད་མཉམ་ལས་ཀྱིས་འཕེལ་རྒྱས་མཉམ་རྒྱལ་གྱི་སྒུལ་ནུས་དྲག་པོ་གཅིག་ཏུ་སྒྲིལ་ཡོད།
ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དེ་གླིང་ཕྲན་ཧྲིལ་པོའི་སྒོ་རྒྱག་འཁོར་སྐྱོད་བྱས་པ་ནས་བཟུང་། འགག་སྒོ་བརྒལ་བར་བྲེལ་བ་ཆེ་ལ་གོ་རིམ་ལྡན་ཞིང་། དཔལ་འབྱོར་ཉོ་ཚོང་འགྲོ་འོང་སྔར་བས་འཁྲུག་ཏུ་ཕྱིན་པ་དང་ཁྲོམ་རའི་བྱེད་པོའི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་ནས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་གསོན་ཉམས་ལྡན་པའི་དཔེ་རིས་ཤིག་ལྷོ་རྒྱ་མཚོའི་ངོགས་སུ་རིམ་བཞིན་བཀྲམ་ཡོད།
ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཇུས་འགོད་དང་། སྐུ་དངོས་སུ་བཀོད་སྒྲིག སྐུ་དངོས་སུ་སྐུལ་འདེད་གཏོང་བ་བཅས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཁོང་ཉིད་ཧའེ་ནན་ལ་རྟོག་ཞིབ་ཐེངས་མང་ཕེབས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་འཁེལ་དང་འཆར་གཞི་བཟོས་ཤིང་། 2018ལོའི་ཟླ4པར། ཧའེ་ནན་ཞིང་ཆེན་བཙུགས་ནས་དཔལ་འབྱོར་དམིགས་བསལ་ས་ཁུལ་སྒྲུབ་པའི་ལོ་ངོ30འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གིས་ཧའེ་ནན་གླིང་ཕྲན་ཡོངས་སུ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་པར་རྒྱབ་སྐྱོར་བྱ་རྒྱུའི་ཐག་བཅད། ཧའེ་ནན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཉོ་ཚོང་གྲུ་ཁ་རིམ་བཞིན་འཚོལ་ཞིབ་དང་གོམ་སྟབས་བརྟན་པོའི་ངང་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ་བསྒྲགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིད་སྟོན་དང་སྐུལ་འདེད་འོག 《ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པའི་སྤྱིའི་ཇུས་གཞི》ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་པ་དང་། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་བཅའ་ཁྲིམས་ཁྱབ་བསྒྲགས་དང་ལག་བསྟར་བྱས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་གོམ་སྟབས་མགྱོགས་ཤིང་བརྟན་པོ་དང་། ནུས་ཤུགས་ལྡན་ཞིང་གོ་རིམ་ལྡན་པ་བྱུང་ཡོད། 2025ལོའི་ཟླ11པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་བའི་སྙན་ཞུར་གསན་སྐབས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དམིགས་འབེན་ནི། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དེ་རང་རྒྱལ་གྱི་དུས་རབས་གསར་པའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྣེ་ཁྲིད་པའི་སྒོ་མོ་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས་པ་ནན་གྱིས་བསྟན། 2025ལོའི་ཟླ12པའི་ཚེས18ཉིན། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དངོས་སུ་གླིང་ཕྲན་ཡོངས་འགག་སྒོ་རྒྱག་འགོ་ཚུགས་པ་དེ་ནི་རང་རྒྱལ་གྱིས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་གཏོང་བ་དང་སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་མཚོན་རྟགས་རང་བཞིན་གྱི་བྱེད་ཐབས་ཤིག་རེད།
གཞི་གྲངས་ལས་མངོན་པ་ལྟར་ན། སྒོ་རྒྱག་འཁོར་རྒྱུག་བྱས་པ་ནས་ད་ལོའི་ཟླ2པའི་ཟླ་མཇུག་བར། ཧའེ་ནན་གྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་ཐེར་ཆེན་དྲུག་ཐེར་འབུམ་ལྔ་དུང་ཕྱུར་བཞི་བྱེ་བ་དགུར་སླེབས་པ་དེ་ན་ནིང་གི་དུས་མཉམ་ལས29.1%འཕར་ཞིང་། དེའི་ཁྲོད་ད་ལོའི་ཟླ་དང་པོ་དང་གཉིས་པའི་ཕྱི་ཕྱོགས་ཉོ་ཚོང་གི་གཞི་ཁྱོན་ཚང་མ་ལོ་རྒྱུས་དུས་མཉམ་གྱི་མཐོ་ཤོས་བཏོད་ཡོད། དེ་དང་ཆབས་ཅིག་ཁྲོམ་རའི་གསོན་ཤུགས་ནུས་ལྡན་ངང་འཕེལ། སྒོ་བརྒྱབ་པ་ནས་བཟུང་། གཉེར་སྐྱོང་བྱེད་པོ་བརྒྱད་ཁྲི་ཉིས་སྟོང་ལྔ་བརྒྱ་གསར་དུ་འཕར་སྣོན་བྱུང་། དེའི་ཁྲོད་ཁེ་ལས་དྲུག་ཁྲི་བདུན་སྟོང་དགུ་བརྒྱ་གསར་དུ་འཕར་སྣོན་བྱུང་བ་དེ་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་གྱ་བདུན་གྲངས་ཆུང་གཅིག་བརྒྱད་འཕར་ཡོད། ཕྱི་རྒྱལ་གྱི་མ་དངུལ་བཞག་པའི་ཁེ་ལས693གསར་དུ་འཕར་སྣོན་བྱུང་བ་དེ་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི33.5འཕར་ཡོད།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ནང“ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཆེ་རུ་གཏོང་བ་དང་། མཉམ་ལས་མཉམ་རྒྱལ་གྱི་རྣམ་པ་གསར་པ་གཏོད་དགོསཔའི”ཐད་བཀོད་སྒྲིག་གལ་ཆེན་བྱས་ཡོད། ཚད་གཞི་མཐོ་བའི་སྒོ་ནས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་རྒྱུ་དང་། གླིང་ཕྲན་ཡོངས་ཀྱི་སྒོ་རྒྱག་འཁོར་སྐྱོད་ཆུ་ཚད་མཐོན་པོས་ལག་བསྟར་བྱེད་པ། ཉོ་ཚོང་དངུལ་འཇོག་དང་བདག་རྐྱེན་འཁོར་རྒྱུག་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྒོ་འབྱེད་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་སྟེ། ཆུ་ཚད་མཐོ་བའི་རང་མོས་ཉོ་ཚོང་གྲུ་ཁ་དང་འཚམ་པའི་སྲིད་ཇུས་དང་ལམ་ལུགས་མ་ལག་རིམ་བཞིན་འཛུགས་དགོས།
འགོ་ཚུགས་པའི་ལོར། ཧའེ་ནན་གྱིས་ལམ་ལུགས་ཅན་གྱི་སྒོ་འབྱེད་བརྟན་བརླིང་ངང་རྒྱ་བསྐྱེད། མིག་སྔར། སྐོར་ཐེངས22ཀྱི་ལམ་ལུགས་ཁག181གི་འདུས་གྲུབ་གསར་གཏོད་དཔེ་མཚོན་གསོ་སྐྱོང་བྱས། ད་ལོར། ཧའེ་ནན་གྱིས་ད་དུང་རྒྱལ་ཁོངས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་གི་བཀག་རྒྱའི་གསལ་ཐོ་ཇེ་ཉུང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས། ཡུལ་སྐོར་དང་། སྨན་བཅོས། འགྲིམ་འགྲུལ། དངུལ་རྩ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲོམ་རར་ཞུགས་འཐུས་ཇེ་ཡངས་སུ་གཏོང་རྒྱུ་རེད།
ད་ལྟ། “ཧའེ་ནན་དང་རྒྱལ་ཁོངས་ཕྱིའི་བར་གྱི་འགག་སྒོ”8ཀྱི་ཆ་སྙོམས་འགག་སྒྲོལ་དུས་ཚོད་དེ་འགག་སྒོ་མ་བཀག་གོང་ལས26%གིས་ཇེ་ཐུང་དུ་བཏང་བ་དང་། “ཧའེ་ནན་དང་ཀྲུང་གོའི་དབུས་རྒྱུད་བར་གྱི་འགག་སྒོ”10ཡིས“སྐོར་ཐེངས་དགར་ནས་གླིང་ཕྲན་ནས་འབུད་པ་དང་། གཅིག་སྡུད་ངང་རེ་ཞུ་བྱེད་པ” རིག་ལྡན་ལྟ་སྐུལ་དོ་དམ་སོགས་ཀྱི་ཕན་འབྲས་ཆེ་བའི་དཔེ་རྣམ་སྤྱད་དེ། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཆོད་ཆེའི་སྦྲེལ་མཐུད་ཡོང་བར་འགན་སྲུང་ནུས་ལྡན་བྱས། མིག་སྔའི་བར། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁས་རིམ་རྩིས་བྱས་ན་རྒྱལ་ཁབ་དང་ས་ཁུལ180ཡི་དངུལ་གཏོང་བཀུག་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་བསྡུར་ཚད61%ཟིན་ཏེ། གསར་དར་ཁྲོམ་ར་མང་པོ་ཞིག་གི་ཕྱིར་གཏོང་ནང་འདྲེན་མགྱོགས་མྱུར་སྒོས་འཕར་སྣོན་བྱུང་།
སྒོ་འབྱེད་ཁྲོད་གོ་སྐབས་མཉམ་སྤྱོད་བྱས་ནས། མཉམ་རྒྱལ་མངོན་འགྱུར་བྱེད་དགོས། དཔའ་མཛངས་རྟུལ་ཕོད་ཀྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པར”བསྐྱོད་སྐབས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་རྒྱུན་ཆད་མེད་པར་འདོན་སྤེལ་བྱས་ཏེ། རྒྱལ་ཡོངས་སུ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་རམ་འདེགས་བྱས།