གློ་བུར་བའི་ཤི་རྟགས་འདི་ཆུ་ཚོད1གི་སྔུན་ནས་མངོན་ཡོང་བས་དེ་ལ་སྣང་ཆུང་མ་བྱེད་ཅིག

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚན་བརྒྱབ་ནས་ངལ་དུབ་ཀྱིས་ཁུར་ན་གློ་བུར་བའི་ཤི་རྐྱེན་དུ་འགྱུར་རམ།གལ་སྲིད་གློ་བུར་དུ་སྙིང་ནད་འདི་བྱུང་ཚེ། ངས་འཆི་བར་སྒུག་ནས་སྡོད་པ་ལས་གཞན་ཅི་ཡང་བྱེད་མི་ཆོག་གམ།

གློ་བུར་དུ་སྙིང་གཟེར་ནས་ཤི་བའི་ནད་བྱུང་དུས་ལུས་སྟེང་ལ་མི་བདེ་བའི་རྟགས་སྣ་ཚོགས་མངོན་ནས་ཁྱེད་ལ་སྔོན་བརྡ་རྒྱག་སྲིད་པར་མ་ཟད། ཆུ་ཚོད1གི་སྔུན་ལ་ད་དུང་རང་སྐྱོབ་ཀྱི་གོ་སྐབས་ཀྱང་སྟེར་གྱི་ཡོད།

གཅིག སྙིང་ནད་ཁྲག་གཟེར་གྱིས་གློ་བུར་ཤི་བའི་ནད་རྟགས།
   ཉིན་རྒྱུན་ལས་ཀའི་དུས་ཚོད་རིང་དུ་བསྲིངས་ནས་ལས་ཀ་བྱེད་མཁན་ཁྱེད་ལ། ཉེ་དུས་ཤིག་ནས་ལུས་ཡོངས་གྲང་ཤུར་ཤུར་བྱེད་ཅིང་རྔུལ་ཆུ་གྲང་མོ་འཛར་བ། ཁང་པའི་ནང་གི་དྲོད་ཚད་ཏུའུ20ལྷག་ལ་བསླེབས་ཡོད་ཀྱང་། ལུས་ཡོངས་ད་དུང་གྲང་འདར་རྒྱག་པའི་རྟགས་བྱུང་ཚེ། དེ་ནི་སྙིང་གི་ནུས་པ་ཇེ་ཞན་དུ་གྱུར་ནས་དབང་པོའི་ཁྲག་རྒྱུན་འཁོར་རྒྱུག་ཡག་པོ་མ་ཐུབ་པ་དང་། ཡན་ལག་བཞིའི་རྩེ་མོར་ཁྲག་འདང་ངེ་འདོན་མ་ཐུབ་པས་གྲང་ཤུར་རྒྱག་པའི་ཚོར་བ་དེ་བྱུང་བ་ཡིན། 
  སྐབས་འདིར་སྙིང་གི་བྱེད་ནུས་ཡོངས་སུ་ཉམས་པའི་ཉེན་ཁ་ཧ་ཅང་ཆེ་སྟེ། ཉུང་མཐའ་ཡང་ཟླ་བ་གཅིག་གི་དུས་ཚོད་ལས་མེད།གལ་ཏེ་ཚུལ་དེར་དོ་སྣང་བྱས་ཏེ། ལམ་སང་ཁ་པར་ལྟ་མཚམས་བཞག་ཏེ་གཉིད་ལ་ཡུར་ན་ཚད་ངེས་ཅན་ནས་ཉེན་ཁ་དེ་བཟློག་ཐུབ།
  ཉེན་བརྡས་ཉེན་ཁ་སེལ་བ།

གལ་ཏེ་ཁྱེད་ཀྱི་མཆུ་སྒྲོས་དང་སེན་མོ་སྨུག་ནག་ཏུ་གྱུར་བའི་རྟགས་ཐོན་ཚེ། སྙིང་གི་བྱེད་ནུས་སྔར་ལས་ཇེ་ཞན་དུ་གྱུར་ནས་ཁྲག་ནང་གི་གསོ་རླུང་འདུས་ཚད་ཇེ་ཉུང་དུ་ཕྱིན་པ་ཡིན།  སྐབས་དེར་ཁྱེད་ཀྱིས་དོ་སྣང་མི་བྱེད་པར་ད་དུང་འགུལ་སྐྱོད་དང་ཁྱིམ་ལས་ལ་གཡེང་བ།  ཅུང་ཙམ་འགོར་རྗེས་སོ་རྩ་ཧྲིལ་བོར་ན་ཟུག་ལངས་ནས་སྐར་མ་ལྔ་ཡས་མས་ཙམ་འགོར་རྗེས་ཟུག་གཟེར་ཞུ་འགྲོ་བ་དང་།  སྐབས་དེར་ན་ཤུལ་ལ་ཇི་ལྟར་མནན་ཡང་ན་ཟུག་མི་ལངས། 
  རྟགས་དེ་ནི་ཁྱེད་ཀྱི་སྙིང་ལ་ནད་འགྱུར་བྱུང་སྟེ། ཟུག་གཟེར་གྱི་བརྡ་དེ་ཀླད་པར་བརྒྱུད་དུས། ཀླད་པས་བརྡ་དེ་སོ་ན་བའི་རྟགས་སུ་འཁྲུལ་ཏེ། “སྙིང་ནད་ཀྱི་སོ་ན་བའི”ནད་རྟགས་མངོན་པ་ཡིན།
  སྐབས་དེར་ངལ་གསོ་བརྒྱབ་ན་ཡང་ཕན་ཅི་ཡང་མི་ཐོགས་པས།  ལམ་སེང་སྨན་ཁང་དུ་བསྐྱོད་དེ་ཀླད་སྙིང་ཁྲག་རྩའི་ཁོག་ནད་ཚན་ཁག་གམ་འཕྲལ་བསྟུན་སྨན་ཁང་དུ་སྨན་བཅོས་བྱེད་དགོས།
  གལ་ཏེ་དབུགས་ལེན་མི་ཐུབ་ཅིང་། སྙིང་དང་ལུས་པོའི་གཡོན་ཕྱོགས་ལ་དངོས་པོ་ལྕི་མོ་ཞིག་གིས་བཙིར་གནོན་བྱེད་པ་ལྟ་བུའི་ཟུག་གཟར་སྐྱེས་པ་དང་། མགོ་ཡུ་འཁོར་བ། རྔུལ་ཆུ་གྲང་མོ་འབབ་པའི་རྟགས་མངོན་ཚེ། སྙིང་ནད་ཁྲག་གཟེར་གྱིས་གློ་བུར་ཤི་བའི་རྟགས་ཡིན་མོད། ད་དུང་ཆུ་ཚོད1རང་གི་རང་སྐྱོབ་དུས་ཚོད་ཡོད་པས་དངངས་འཚུབ་མ་བྱེད་ཅིག 

སྐབས་འདིར་རང་འདོད་ལྟར་དུ་ཤུགས་ཆེན་པོས་གློ་ལུ་རྒྱག་པ་དང་། བྲང་ཁོག་བརྡུང་བ། སྨན་ཁང་དུ་རྒྱུག་པ་སོགས་སྙིང་ལ་གནོད་པའི་སྦྱོར་བ་བྱེད་མི་རིགས་ཏེ། ད་ནི་རང་སྲོག་རང་གིས་ལེན་པ་དང་གཉིས་སུ་མེད།
   གལ་ཏེ་འགུལ་སྐྱོད་བྱེད་ཐུབ་ན། སྒེའུ་ཁུང་ཕྱེས་ཏེ་རླུང་རྒྱུག་དུ་འཇུག་པ་དང་། ལུས་བསྡམས་པའི་ལྭ་བའམ་ལྭ་བ་གོང་ཙོག་ཅན་མྱུར་དུ་ཕུད་དེ། དབུགས་ཀྱི་རྔུབ་ལེན་ཡངས་ལ་ལྷོད་པོ་ཡོང་པ་བྱེད་དགོས།

དེ་ནས་མྱུར་དུ120ལ་ཁ་པར་བཏང་སྟེ། རང་སར་ཙོག་པར་སྡོད་པའམ་ཐང་ལ་ཉལ་ནས་ནུས་ཤུགས་ཡོད་རྒུས་རང་གི་རྣམ་རིག་གསལ་བོ་ཡོང་ཐུབ་བྱེད་དགོས།དཔེར་ན། ཁྱེད་བདེ་མོ། ང་ནི་སྡོད་ཁུལ་ག་གེ་མོའི་ཐོག་ཁང་འདི་དང་ཁང་རྟགས་འདིའི་ཡིན། ད་ལྟ་བྲང་ཁོག་ལ་ཟུག་གཟེར་ཆེན་པོ་ཞིག་སྐྱེས་བྱུང་ཞེས་ཁ་པར་རྒྱག་དགོས།འུ་ཐུག་ན་དུས་རྒྱུན་དུ་ཞའོ་སུན་ཀན་ཡོའུ་སྒམ་ཆུང་རེ་གྲ་སྒྲིག་བྱས་ན་ལེགས། གལ་ཏེ་ནད་རྟགས་དེ་དག་བྱུང་སྐབས། ཁ་པར་ནང་སྨན་པས་ཇི་ལྟར་བཤད་པ་ཇི་བཞིན་ལྕེ་འོག་ཏུ་བཞག་ནས་བ་ལེགས། (སྨན་འདི་རང་དགར་གང་འདོད་དུ་བསྟེན་མི་རུང་།)

གཉིས་པ། ཀླད་ནད་ཁྲག་གཟེར་གྱིས་གློ་བུར་ཤི་བའི་ནད་རྟགས།
  ཁྱེད་རང་དུས་རྒྱུན་དུ་ལས་ཀའི་དབང་གིས་ཐ་མག་དང་ཨ་རག་རྒྱུན་དུ་སྤྱོད་དགོས་པའམ་ཡང་ན་གོམས་གཤིས་ཡོད་པར་མ་ཟད་ད་དུང་ཁྲག་ཤེད་ཁྲག་ཚིལ། ཁྲག་མངར་གསུམ་མཐོ་བའི་ནད་ཡོད་ན། གོམས་གཤིས་དེ་དག་གིས་ཁྱེད་རང་ཀླད་ནད་ཁྲག་གཟེར་གྱིས་གློ་བུར་ཤི་བའི་རྒྱུ་བསྐྱེད་བཞིན་ཡོད།
  ལམ་སེང་བདེ་ཐང་ལ་གནོད་པའི་འཚོ་བའི་གོམས་གཤིས་དེ་བསྒྱུར་དགོས་པ་མ་ཟད། ཟ་མ་སྣུམ་ཆེན་དང་མངར་ཆེན། ནཱ(钠)མང་པོ་ཅན་མ་བསྟེན་ན་ཀླད་རྩ་འགག་པའི་ཉེན་ཁ་ལས་གཡོལ་ཐུབ།

ངས་ད་དུང་རླངས་འཁོར་བསྐོར་དགོས་པས།  ཆང་འཐུང་མི་རུང་།
 
   ཉེན་བརྡས་ཉེན་ཁ་སེལ།

གལ་སྲིད་ཁྱེད་ལ་སྣ་ཁྲག་བཞུར་མང་བ་དང་གླལ་རྒྱང་མང་པོ་བྱེད་པ་མ་ཟད།  ད་དུང་མགོ་ཡུ་འཁོར་བ་དང་། མགོ་ན་བ་ལ་སོགས་ཀྱི་རྟགས་ཐོན་ཚེ། ཁྱེད་ཀྱི་ཀླད་པར་སྐྱོན་བྱུང་བ་རེད།
  སྣ་ཁྲག་དུས་རྒྱུན་དུ་བཞུར་བ་ནི་ཁྲག་ཤེད་ཧ་ཅང་མཐོ་བའི་རྟགས་ཡིན་པ་དང་། གླལ་རྒྱང་བྱེད་པ་དང་། མགོ་ཡུ་འཁོར་བ། མགོ་ན་བ་ནི་ཀླད་པར་ཁྲག་གིས་མ་འདང་བའི་རྟགས་སུ་མངོན།
  ཡུན་རིང་འགོར་ན་ཁྱེད་ཀྱི་དྲན་པ་ཉམས་ཞིང་ལུས་དང་རྣམ་ཤེས་རྡབ་རྡིབ་ཏུ་འགྱུར་བ་དང་།  གཞན་གྱིས་སྡིག་དམོལ་ག་འདྲ་བྱས་ཀྱང་ཇི་མི་སྙམ་པར་སྡོད་པའི་སྣང་ཚུལ་འབྱུང་།

 ཨ་ཙི། ཁྱེད་ཀྱིས་རླངས་འཁོར་བསྐོར་ཤེས་སམ་མི་ཤེས།

སྐབས་འདིར་ཀླད་པའི་དྲན་དབང་དང་སེམས་ཁམས་ཚོར་ཤེས་ཀྱི་དབང་བོར་ཁྲག་གིས་མ་འདང་བར་ཉམས་ཆག་ཤོར་ཡོད།  གལ་ཏེ་སྣང་མེད་དུ་བསྐྱུར་ན་ནད་གཞི་ཇེ་ལྕིར་འགྲོ་ངེས་ལ།  ཧ་ལམ་གཟའ་འཁོར་གཅིག་གི་རྗེས་སུ། མིག་རབ་རུབ་ཏུ་གྱུར་ནས་དངོས་པོ་གསལ་བོ་མཐོང་མི་ཐུབ་པ། གདོང་སྦྲིད་ཅིང་། ཁ་གསེག་པ། སྐད་ཆ་ཤོད་དཀའ་བ། རང་དབང་ན་མེད་པར་ཁ་ཆུ་སྣ་ཆུ་བཞུར་བ། ལག་པ་ཡ་གཅིག་མདུན་དུ་དྲང་མོར་བསྲིངས་མི་ཐུབ་པ་བཅས་ཀྱི་ནད་རྟགས་མངོན་སྲིད།
  སྐབས་དེར། ཁྱེད་ཀྱི་ཀླད་དབང་གི་བཞིན་ཉམས་དང་། མིག་གི་མཐོང་ཚད།  སྐད་ཆ།  ཚོར་ཤེས། འགུལ་སྐྱོད་ལ་སོགས་ཀྱི་ཁྱབ་ཁོངས་ལ་ཁྲག་གིས་མ་འདང་བར་ཉམས་ཆག་བྱུང་ཡོད་པས། ངེས་པར་དུ་སྨན་ཁང་དུ་འགྲོ་དགོས།
  གལ་ཏེ་ཀླད་དབང་གི་གྲུབ་ཆ་ལ་ཉམས་ཆག་བྱུང་ན་སླར་གསོ་ཐབས་ཡེ་ནས་མེད་པས། མྱུར་སྐྱོབ་དུས་ཚོད་ལས་བརྒལ་མི་རུང་། 
  གལ་ཏེ་བརྒལ་ཚེ། ལས་དབང་གིས་ཚེ་ཕྱི་མར་འགྲོ་མ་དགོས་རུང་། དབང་ལག་སྐྱོན་ཅན་དུ་འགྱུར་བའི་ནད་བསྐྱེད་སྲིད།

  གསུམ། གློ་ནད་ཁྲག་གཟེར་གྱིས་གློ་བུར་ཤི་བའི་ནད་རྟགས།

དུས་རྒྱུན་གཞུང་དོན་དང་ཚོང་དོན་དུ་ལམ་ཐག་རིང་བོར་རྒྱུག་པའི་རླངས་འཁོར་དུ་བསྡད་ན། སྒྱིད་པ་སྒྱིད་པ་རྒྱུན་དུ་སྐྲངས་པ་ཡིན་ན།  

དེ་ལ་སྣང་ཆུང་མ་བྱེད་ཅིག དེ་ནི་སྒྱིད་པའི་སྡོད་རྩའི་ཁྲག་རྒྱུན་འཁོར་དལ་བའི་རྐྱེན་ཡིན། དེ་བས་ཡར་ལངས་ནས་ཕར་འགྲོ་ཚུར་འོང་མང་ཙམ་མམ་ཡང་ན་ཙོག་པར་སྡོད་དུས་སྒྱིད་པ་རྐྱོང་སྐུམ་མང་ཙམ་བྱས་ཏེ། སྒྱིད་པའི་ཁྲག་རྒྱུན་འཁོར་རྒྱུག་བྱེད་དུ་བཅུག་ནས་ཁྲག་རེངས(血栓)བྱུང་བར་སྔོན་འགོག་བྱེད་དགོས།

ཁྲག་རེངས་བྱུང་གྱུར་ན་འཕུར་མཉེད་དང་འགུལ་སྐྱོད།  དྲོད་གྲང་གི་གློ་བུར་འགྱུར་ལྡོག་ཁྲོད་དུ་ཁྲག་རྒྱུན་དང་འབྲེལ་རྩ་ལམ་ནས་གློ་བར་ཟགས་པ་ཁེགས་ནས་ཁྲག་རེངས་འབྱུང་སྲིད། དེ་དུས་དབུགས་དལ་མོར་རྔུབ་ལེན་བྱས་ཀྱང་གློ་ཁོག་ན་ཟུག་སྐྱེས་ངེས།
​   
   དབུགས་ཅུང་ཙམ་བླངས་ན་ཡང་ན་ཟུག་བཟོད་མེད་སྐྱེས་ཡོང་།  

དེ་ནི་གློ་བའི་ཁྲག་རེངས་བྱུང་མ་ཐག་ཏུ་མངོན་པའི་ཐུན་མིན་ནད་རྟགས་ཡིན།  དེས་ཁྱེད་ཀྱི་གློ་ཁོག་གི་ཁྲག་རྩ་ཁྲག་རེངས་ཀྱིས་ཁེགས་ཏེ་ཁྲག་རྒྱུན་ཆ་ཤས་ཆད་པ་མཚོན།

སྐྱོན་ཆེར་མེད་སྙམ་ནས་རང་གར་བསྐྱུར་མི་རུང་བར། ལམ་སེང་སྨན་ཁང་ཆེན་མོའི་དབུགས་ལམ་ཁོག་ནད་ཚན་ཁག་ཏུ་བསྐྱོད་དེ།  གློ་བའི་འཕུར་རྩ་ལCTAཡིས་བརྟག་དཔྱད་བྱེད་དགོས།

དེ་མིན་ཚེ་ཉིན་གཅིག་འགོར་ན་གློ་ཁོག་གི་ན་ཟུག་འཕེལ་ནས་ཁྲག་སྐྱུག་པ་དང་། མགོ་ཡུ་འཁོར་བ། བརྒྱལ་བ་ལ་སོགས་ཀྱི་རྟགས་འབྱུང་སྲིད།
  དེ་དུས་ཁྱེད་ཀྱི་གློ་བའི་བྱེད་ནུས་སྔར་བཞིན་ཉམས་ནས་ཀླད་པར་ཁྲག་འདང་ངེ་འདོན་ཐུབ་ཀྱི་མེད་པར་མ་ཟད། སྙིང་གི་བྱེད་ནུས་ཀྱང་ཉམས་མགོ་བརྩམས་པ་ཡིན།

དེ་བས་གང་འདོད་དུ་མལ་ལས་ལངས་ནས་རྒྱུག་མི་རུང་།  དེ་ལས་ལྡོག་ན་སྡོད་རྩའི་ཁྲག་རེངས་མུ་མཐུད་དུ་བྲུལ་ནས་གློ་བའི་ཁྲག་རྩ་ཁེགས་ཚད་ཚབས་ཆེན་དུ་འགྱུར་ངེས།

སྐབས་དེར་མྱུར་བ་མྱུར་དུ120ལ་ཁ་པར་བཏང་སྟེ།  སྨན་པ་མྱུར་སྐྱོབ་ཏུ་ཡོང་བར་ངང་སྒུག་བྱེད་དགོས།

གོང་གསལ་གྱི་ནང་དོན་ནི་གློ་བུར་ཤི་བའི་ནད་རྟགས་རིགས་གསུམ་དང་དེའི་ཉེན་ཁ་ལས་སྐྱོབ་པའི་ཐབས་ལམ་རེད། ནད་རིགས་འདིར་འཕྲལ་སྐྱོབ་བྱེད་ཐབས་འདི་དག་ལས་གཞན་ད་དུང་ངེས་པར་དུ་སྔོན་འགོག་ལ་དང་དོད་ཆེན་པོ་བྱེད་དགོས་པ་དེའོ། །
  

རྩོམ་སྒྲིག་པ། : ཁོན་ཐར་འཚོ།