ད་ལོའི་ཟླ་དང་པོ་ནས་གཉིས་པའི་བར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དག་གཙང་ནུས་ཁུངས་སྒུལ་ཤུགས་གཙོ་བོར་བྱས་ཏེ། གཏན་འཇགས་རྒྱུ་ནོར་གྱི་མ་རྩ་བཞག་པ་མགྱོགས་མྱུར་འཕར་ནས་དཔལ་འབྱོར་གྱི་འགོ་རྩོམ་ཚུལ་ཤུགས་ཆེན་བྱུང་བས“མ་རྩ་འཇོག་པའི་ཁྱད་ཆོས་དང་བཟོ་ལས་ཀྱིས་གནོན་ཤུགས་ཐེག་པའི”འཁོར་སྐྱོད་ཀྱི་རྣམ་པ་ཁྱོན་ཡོངས་ནས་མངོན་ཡོད།
མ་རྩ་འཇོག་པའི་འཕར་ཚད་ཇེ་མགྱོགས་སུ་ཕྱིན་པ་དང་། དག་གཙང་ནུས་ཁུངས་ཀྱི་སྣེ་ཁྲིད་དང་འདེགས་སྐྱོར་གྱི་ནུས་པ་མངོན་གསལ་དོད་པོ་ཡིན། མཚོ་ལྷོ་ཁུལ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། ཟླ་དང་པོ་ནས་གཉིས་པའི་བར་མཚོ་ལྷོ་ཁུལ་གྱིས་གཏན་འཇགས་རྒྱུ་ནོར་གྱི་མ་རྩ་བཞག་ཚད་སྒོར་དུང་ཕྱུར་བདུན་བྱེ་བ་གསུམ་ས་ཡ་གཉིས་ཟིན་པ་དེ་ན་ནིང་གི་དུས་མཉམ་ལས72.9%འཕར་ཡོད། དེའི་ནང་དག་གཙང་ནུས་ཁུངས་ཀྱི་མ་རྩ་བཞག་ཚད་སྒོར་དུང་ཕྱུར་ལྔ་བྱེ་བ་བཞི་ས་ཡ་བཞི་ཟིན་པ་དེ44.2%འཕར་བ་དང་། དེས་ས་ཁུལ་ཡོངས་ཀྱི་མ་རྩ་བཞག་པའི་བསྡུར་ཚད74.3%ཟིན་ནས་མ་རྩ་བཞག་ཚད་བརྒྱ་ཆའི་གྲངས་གནས39.4འཕར་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད། ཞིབ་ཕྲ་དགར་ནས་བལྟས་ན། འོད་བརྟེན་ཐོན་ལས་ཀྱི་མཚོན་ཚུལ་དེ་བས་ཁྱད་ཆོས་ལྡན་པ་དང་མ་རྩ་བཞག་ཚད་སྒོར་དུང་ཕྱུར་བཞི་བྱེ་བ་བཞི་ས་ཡ་བརྒྱད་ཟིན་པ་དེ41.5%འཕར་བ་དང་། དེས་དངུལ་འཇོག་བསྡོམས་འབོར་གྱི་བརྒྱ་ཆའི་དྲུག་ཅུ་ཡན་ཆད་ཟིན་ནས་མ་རྩ་འཇོག་པ་འཕར་བར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད། འཕར་ཚུལ་འདི་དེ་སྔ་སྐབས་ཁུལ་ཡོངས་ཀྱི་འོད་བརྟེན་ལས་གཞི་གཅིག་སྡུད་དོན་འཁྱོལ་བྱས་པ་དང་འབྲེལ་བ་དམ་ཟབ་ཡོད། གཞན་ཡང་ཆུ་གློག་གི་ལས་གཞིའང་མངོན་གསལ་དོད་པོ་ཡོད་པ་དང་། མ་རྩ་བཞག་པ་སྒོར་བྱེ་བ་དགུ་ས་ཡ་དྲུག་ཟིན་པ་དེ92.8%འཕར་ཡོད། ཆུ་གློག་ཐོན་ཁུངས་ཀྱི“གཏེར་ཁུལ་ཕྱུག་པོ”ཡིན་པའི་ཆ་ནས། མཚོ་ལྷོ་ཁུལ་གྱིས་རྨ་ཆུའི་འབབ་རྒྱུད་ཀྱི་ཆུ་གློག་ཐོན་ཁུངས་དགེ་མཚན་ལ་བརྟེན་ཏེ་ཆུ་གློག་ལས་གཞི་རིམ་སྤར་སྒྱུར་བཀོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། འོད་བརྟེན་ཐོན་ལས་དང་གསབ་རེས་གྲུབ་ནས་དག་གཙང་ནུས་ཁུངས་མཁོ་སྤྲོད་ཀྱི་བརྟན་བརླིང་རང་བཞིན་ཆེ་རུ་ནུས་ལྡན་ཕྱིན་པ་མ་ཟད། དངུལ་འཇོག་གྲུབ་གཞི་རྒྱུན་མཐུད་ཇེ་ལེགས་སུ་འགྲོ་རྒྱུར་ཡང་སྐུལ་འདེད་བཏང་།
མ་རྩ་བཞག་པའི་གྲུབ་ཚུལ་ལ་བལྟས་ན། བཟོ་སྐྲུན་སྒྲིག་སྦྱོར་ལས་གྲྭ་དང་སྒྲིག་ཆས་ཉོ་སྒྲུབ་མ་རྩ་བཞག་པ་བཅས་ཆ་སྙོམས་ཀྱིས་ཆེས་ཆེར་འཕར་བ་མངོན་འགྱུར་བྱུང་སྟེ། ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ས་ཁོངས་དགར་ནས་བལྟས་ན། མཚོ་ལྷོ་ཁུལ་གྱི་རྫོང་ལྔའི་མ་རྩ་བཞག་པ“འཕར་བཞི་ཆག་གཅིག”མངོན་པ་དང་། ཀོས་ནན་དང་ཞིན་ཧེ་སོགས་རྫོང་གི་མ་རྩ་བཞག་པ་འཕར་ཚད་མགྱོགས་པོ་ཡོད་པས་ཁུལ་ཡོངས་ཀྱི་དག་གཙང་ནུས་ཁུངས་ལས་གཞི་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། བཟོ་ལས་ཐད་ནུས་ཁུངས་གསར་པའི་གློག་འདོན་ཁྲོམ་ར་ཅན་དུ་འགྱུར་བའི་ཉོ་ཚོང་རིན་གོང་འཕར་ཆག་བྱུང་བ་དང་། ཆུ་འགྲིབ་དུས་གློག་འདོན་གྱི་ནུས་ཤུགས་མི་འདང་བ་སོགས་ཀྱི་ཤུགས་རྐྱེན་དབང་གིས་ཁུལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་ན་ནིང་གི་དུས་མཉམ་ལས་ཅུང་མར་ཆག་པ་དང་། ཆུ་གློག་དང་། འོད་བརྟེན། རླུང་གློག་བཅས་ཀྱི་ལས་རིགས་ཀྱི་འཕར་ཐང་ཚང་མ་ཚད་མི་འདྲ་བའི་སྒོ་ནས་མར་ཆག་པས། ཁུལ་ཁོངས་ཀྱི་བཟོ་ལས་མར་ཆག་པའི་གནོན་ཤུགས་ཅུང་མངོན་གསལ་དོད་པོ་ཡོད།