མཚོ་སྔོན་གྱིས་ནགས་ཚལ་དང་རྩྭ་ཐང་དུ་མེ་སྤྱོད་པའི་ཉེན་ཁ་འབྱུང་རྩ་ནས་སྔོན་འགོག་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་སྔོན་ཚུད་ཉེན་བརྡ་བཏང་ནས། དུར་མཆོད་དུས་ཆེན་གྱི་དུར་ཕྱགས་མཆོད་འབུལ་ལས་དོན་ཁྱོན་ཡོངས་ནས་ཡག་པོ་བསྒྲུབ་ཆེད། རང་རེའི་ཞིང་ཆེན་གྱིས“སྔོན་འགོག་གཙོ་བོར་འཛིན་པ་དང་རྩ་མེད་གང་ལེགས་གཏོང་བ། ཚེ་སྲོག་གོང་དུ་བཀུར་བ། བདེ་འཇགས་ཨང་དང་པོར་འཇོག་པའི”བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གཅིག་སྡུད་སྒོས་མཆོད་འབུལ་དོ་དམ་བྱ་རྒྱུ་དམ་འཛིན་བྱ་ཡུལ་དུ་བརྩིས་ནས། གོམས་སྲོལ་བསྒྱུར་རྒྱུ་རྒྱུན་མཐུད་ངང་ཟབ་སྤེལ་གཏོང་བ་དང་། ཤེས་རིག་ལྡན་པའི་ངང་ནས་མཆོད་འབུལ་དང་ལྷད་མེད་མཆོད་འབུལ་བྱ་རྒྱུ་ཁྱབ་གདལ་བཏང་སྟེ། མང་ཚོགས་ཀྱི་མཆོད་འབུལ་འདུ་ཤེས་ལ་འགྱུར་བ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས། མཆོད་འབུལ་ལ་མེ་སྤྱོད་པའི་ཉེན་ཁ་འབྱུང་རྩ་ནས་སྔོན་འགོག་བྱས།

ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཡིན་པའི་ཟི་ལིང་གྲོང་ཁྱེར་གྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་གྱི་དོན་དངོས་ལ་རྐང་བཙུགས་ཏེ་གཅིག་སྡུད་སྒོས་མཆོད་འབུལ་གྱི་འདུ་ཤེས་རྒྱུན་མཐུད་ངང་བརྟན་སྲུང་བྱས་ཏེ། གཅིག་སྡུད་མཆོད་འབུལ་དོ་དམ་དཔེ་སྟོན་ཅན་དེ་མཆོད་འབུལ་ལ་མེ་སྤྱོད་པར་དོགས་ཟོན་དང་སྐྱེ་ཁམས་བདེ་འཇགས་སྲུང་བའི་བྱེད་ཐབས་གཙོ་བོར་བརྩིས་ཡོད། རྫོང་དང་ཆུས་སོ་སོས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ། ནགས་ཁུལ་གྱི་མཐའ་འཁོར་དང་རི་མགོར་འགྲོ་སའི་ལམ་ཁ་རུ་གཏན་འཇགས་ཀྱི་མཆོད་འབུལ་བྱ་ཡུལ544ལུགས་མཐུན་ངང་བཙུགས་པ་དང་། གཅིག་སྡུད་ཀྱི་མཆོད་འབུལ་ཐབ་ཀ370བཀོད་སྒྲིག་བྱས་ཡོད། དུར་མཆོད་དུས་ཆེན་སོགས་གལ་ཆེའི་མཚམས་ཚིགས་སུ་གནས་སྐབས་ཀྱི་མཆོད་འབུལ་བྱ་ཡུལ80ཇེ་མང་དུ་བཏང་ནས། མཆོད་འབུལ་ལ་གཅིག་སྡུད་སྒོས་དོ་དམ་ཚོད་འཛིན་དང་ཚད་ལྡན་ཁྲིད་སྟོན་ལས་རིམ་སོ་སོར་ཁྱབ་པར་བྱས་ཡོད། དུས་མཚུངས་སུ། གཅིག་སྡུད་མཆོད་འབུལ་དོ་དམ་གྱི་ཚད་གཞི་དོན་འཁྱོལ་ནན་མོ་བྱེད་པ་དང་མེ་སྤྱོད་པའི་ཚད་གཞི་ཁ་གསལ་བཟོ་བ། མཆོད་འབུལ་བྱ་ཡུལ་དུ་ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ནས་ལས་རེས་ཁྲིད་སྟོན་བྱེད་པ། སྔོན་ལ་མེ་འགོག་དངོས་རྫས་བཀོད་སྒྲིག་བྱེད་པ། གཙོ་གནད་ས་ཁོངས་སུ་མེ་ཟོན་ས་ཚིགས་ཆུང་གྲས་བཙུགས་པ་བཅས་བྱས་ནས།“མཆོད་འབུལ་བྱ་ཡུལ་ཡོད་པ་དང་དོ་དམ་ཚད་ལྡན་ཡོད་པ། མེ་འགོག་འགན་ལེན་ཡོད་པ”བཅས་མངོན་འགྱུར་བྱས་ཏེ། གཅིག་སྡུད་མཆོད་འབུལ་དོ་དམ་ཅན་ནས་ཚད་ལྡན་ཅན་དང་དཔེ་སྟོན་ཅན་གྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་ཡོད།

གཅིག་སྡུད་སྒོས་མཆོད་འབུལ་དོ་དམ་བྱ་རྒྱུ་གཞི་རྟེན་དུ་བཟུང་ནས། སྲོལ་བརྗེ་ལུགས་སྒྱུར་ལ་དུས་མཉམ་དུ་སྐུལ་འདེད་བཏང་སྟེ། རང་རེའི་ཞིང་ཆེན་གྱིས་ལྷད་མེད་དང་ཤེས་རིག གྲོན་ཆུང་བཅས་ཀྱི་མཆོད་འབུལ་བྱེད་སྟངས་དར་སྤེལ་ཤུགས་ཆེན་བཏང་བ་དང་། གཅིག་སྡུད་ཀྱིས་མཆོད་འབུལ་བྱ་ཡུལ་ཁག་དང་རི་ཁའི་འགག་སྒོ་ཁག་ཏུ་མང་ཚོགས་ཀྱིས་ཤོག་སྒོར་མེར་སྲེག་པ་དང་། བདུག་སྤོས་བདུག་པ་སོགས་ཀྱི་སྲོལ་རྒྱུན་བྱེད་སྟངས་ལ་འགྱུར་ལྡོག་གཏོང་བར་ཁྲིད་སྟོན་བྱས་ཡོད་ལ། མེ་ཏོག་གསར་པས་མཆོད་འབུལ་བྱེད་པ་དང་སྡོང་འཛུགས་མཆོད་འབུལ་སོགས་ཐཱན་ཉུང་དང་ཁོར་ཡུག་སྲུང་སྐྱོབ་ལ་མི་གནོད་པའི་བྱེད་ཐབས་བཀོལ་རྒྱུར་ཕྱོགས་ཡོངས་ནས་དྲིལ་བསྒྲགས་ཁྲིད་སྟོན་ཤུགས་ཆེན་བྱས་ཏེ། ཐབས་ལམ་མང་པོའི་སྒོ་ནས་ལྗང་མདོག་མཆོད་འབུལ་གྱི་ཤེས་བྱ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བླང་བྱ་ཁྱབ་གདལ་གཏོང་བ། དཔེ་མཚོན་གྱོད་དཔེ་དྲིལ་བསྒྲགས་བཅས་བྱས་ནས། ལུགས་དང་མཐུན་པའི་དུར་མཆོད་འདུ་ཤེས་མི་སེམས་ཀྱི་ཟབ་སར་འཇགས་པར་ཤུགས་བསྣན་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།