ཚེས22ཉིན་ཉག་ཆུའི་མགོ་ཁུངས་འདེད་པའི་ཚན་རིག་གི་རྟོག་ཞིབ་བྱས་འབྲས་དངོས་སུ་ཁྱབ་བསྒྲགས་བྱས་ཤིང་།དེ་ནི་ཚན་རིག་གི་གཞི་གྲངས་ཐོག་ནས་ཉག་ཆུའི་མགོ་ཁུངས་ཡོད་ས་དང་དེའི་ས་ཁོངས་ཀྱི་སྣོད་བཅུད་ཆགས་གཤིས་ཀྱི་གཞི་རྩའི་གནས་ཚུལ་ཐོག་མར་གསལ་རྟོགས་བྱུང་བ་ཞིག་རེད།
ཉག་ཆུ་ནི་འབྲི་ཆུའི་ཡན་ལག་ཆེན་པོ་བརྒྱད་ཀྱི་གྲས་ཤིག་ཡིན་ཞིང་། འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཉག་ཆུ་འབབ་རྒྱུད་ཀྱི་མགོ་ཁུངས་དང་སྟོད་རྒྱུད་ས་ཁོངས་ལ་རང་བྱུང་གི་གནོད་འཚེ་ཅུང་ཆུང་བ་དང་། མིའི་རིགས་ཀྱི་འགུལ་སྐྱོད་བལྟོས་བཅས་ཀྱི་ཚད་བཀག་ཐེབས་ཡོད་པས་ཚད་གཞི་ངེས་ཅན་ཞིག་ནས་ཆུ་བོ་གང་དེའི་སྣོད་བཅུད་མ་ལག་གི་གྲུབ་ཆ་དང་བྱེད་ནུས་ལས་འབབ་རྒྱུད་གྱི་རང་བྱུང་གི་གདོད་མའི་རྣམ་པ་མཚོན་ཐུབ་ལ། སྨད་རྒྱུད་ཀྱི་སྣོད་བཅུད་སྲུང་སྐྱོང་ལ་དོན་སྙིང་གལ་ཆེན་ལྡན།

ཟླ3པའི་ཚེས21ཉིན། འབྲི་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་འབྲི་ཆུ་ཚན་རིག་ཁང་གི་ཚན་ཞིབ་ཚོགས་པས་མཚོ་སྔོན་གྱི་ཟི་ལིང་དུ་ཉག་ཆུའི་ཆུ་མགོ་ཁུངས་འདེད་ལ་ཚན་རིག་གི་རྟོག་ཞིབ་བྱས་པའི་བརྒྱུད་རིམ་དང་གཞི་གྲངས་ལ་དབྱེ་ཞིབ་བྱས་པའི་མཇུག་འབྲས་ངོ་སྤྲོད་ཞིབ་ཕྲ་བྱས་ཏེ། ཉག་ཆུའི་ཆུ་མགོ་དེ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གི་མངའ་ཁོངས་སུ་ཡོད་པ་དང་། དེ་ནི་རང་བྱུང་དང་རིག་གནས། མཛེས་ལྗོངས་བཅས་མགོ་ཁུངས་གསུམ་འདུ་ས་ཞིག་ཡིན་པ་གཏན་འཁེལ་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་ཀྱིས“བར་སྣང་། གནམ། ས། ཆུ”བཅས་གཞི་གཅིག་ཅན་གྱི་བརྟག་དཔྱད་ལག་རྩལ་སྤྱད་དེ“ཆུ་རྒྱུན་རིང་ཞིང་ཆུ་འབོར་ཆེ་བ། ཆུ་བོ་ཤང་ཤང་དུ་རྒྱུག་པ། མཚོ་འཕགས་མཐོ་བ”བཅས་ཀྱི་ཚན་རིག་དང་མཐུན་པའི་རྩ་དོན་གཞིར་བཟུང་ཉག་ཆུའི་མངོན་མེད་ཀྱི་མགོ་ཁུངས་དང་། ཆུ་རྒྱུད་འདྲེས་མཚམས། དེ་བཞིན་འགག་རྩའི་ས་དབྱིབས་བཅས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཡུལ་དངོས་སུ་རྟོག་ཞིབ་དང་ཚད་འཇལ་དཔེ་རིས་བྲིས།
འབྲི་ཆུའི་ཆུ་བེད་ཨུ་ལྷན་འབྲི་ཆུ་ཚན་རིག་ཁང་གི་མཐོ་རིམ་བཟོ་སྐྲུན་མཁན་པོ། འབུམ་རམས་པ་ཆུས་དབྱིན་ཅེ་ཡིས་འདི་སྐད། ཚན་རིག་རྟོག་ཞིབ་ཀྱི་རིང་དུ། ཉག་ཆུའི་མགོ་ཁུངས་ཀྱི་ས་མཐོའི་སྤང་ཐང་དང་རྩྭ་ཐང་ཧྲིལ་པོའི་སྲུང་སྐྱོང་ཀྱི་གྲུབ་འབྲས་བཟང་ཞིང་། ས་ངོས་སྔོ་ཁེབས་ཀྱི་རྒྱུན་མཐུད་རང་བཞིན་ཅུང་རྒྱ་ཆེ་བ། སྔོ་ཁེབས་ཀྱི་ཚད་ལ་མིས་གཏོར་བརླག་བཏང་བའི་རྗེས་ཤུལ་མེད་པ་དང་། བརྟག་དཔྱད་ཀྱི་ལམ་རྒྱུད་དུ་རྐྱང་དང་འབྲོང་སོགས་ས་མཐོའི་ཚབ་མཚོན་ཅན་གྱི་སྲོག་ཆགས་མང་པོ་མཐོང་རྒྱུ་ཡོད་པས། སྤྱི་ཡོངས་ཀྱི་ཆ་ནས་བལྟས་ན་བརྟག་དཔྱད་ས་ཁོངས་ཀྱི་སྣོད་བཅུད་ཁོར་ཡུག་ལ་གཏོར་བརླག་མེད་པར་རང་བྱུང་གི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་པ་མ་ཟད། སྣོད་བཅུད་མ་ལག་གྲུབ་ཚུལ་ཡང་བལྟོས་བཅས་ཀྱིས་ཆ་ཚང་ཞིག་རེད་ཅེས་ཟེར།

གཞན་ཡང་། ཚན་ཞིབ་ཚོགས་པས་ཉག་ཆུའི་སྟོད་རྒྱུད་ཀྱི་ཆུ་རྒྱུད་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཡུལ་དངོས་རྩད་ཞིབ་དང་། ཚན་རིག་དང་མཐུན་པའི་རིགས་པས་ཁུངས་འདེད་བྱས་པ་ན། ཉག་ཆུ་ལ“གཙང་པོ་གཅིག་ལ་མགོ་ཁུངས་གསུམ”ཡོད་པ་ཤེས་རྟོགས་བྱུང་། དེ་ནི་རང་བྱུང་གི་མགོ་ཁུངས་དང་། རིག་གནས་ཀྱི་མགོ་ཁུངས། མཛེས་ལྗོངས་ཀྱི་མགོ་ཁུངས་བཅས་ཚང་མ་ཁྲི་འདུ་རྫོང་ཁོངས་སུ་ཡོད་པ་དང་། “གཙང་པོ་གཅིག་ལ་མགོ་ཁུངས་གསུམ”ཡོད་པ་ཐོག་མར་ཤེས་རྟོགས་བྱུང་སྟེ། སྣོད་བཅུད་སྲུང་སྐྱོང་དང་ཆུའི་ཐོན་ཁུངས་བེད་སྤྱོད། རིག་གནས་ཡུལ་སྐོར་གོང་སྤེལ་བཅས་ཀྱི་ཕྱོགས་ལ་གོ་སྐབས་གསར་པ་ཞིག་བསྐྲུན་ཡོད་པ་དེ་རེད།