སློབ་བཤེར་སྒྱུར་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་དངོས་སྒྲུབ་ལ་བརྟེན་ནས་གྲུབ་འབྲས་དངོས་ཐོན་པར་བྱེད་དགོས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ཚུན་ལ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོས་སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ། དམ་པ་དོན་གཉེར་བཅས་ཀྱི་སྤྱིའི་བླང་བྱ་དང་བསྟུན་ཏེ། སློབ་སྦྱོང་ཞིབ་གྲོས་བྱས་འབྲས་བློ་ལ་ངེས་པ་དང་། གནད་དོན་འཚོལ་བཤེར་འཛེམ་མེད་ཐེར་འདོན་བྱེད་པ། དག་ཐེར་བཅོས་སྐྱོང་དངོས་སྒྲུབ་དོན་གཉེར་ཡོང་བ་བཅས་བྱས་ནས། སློབ་སྦྱོང་སློབ་གསོ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱིས་འགོ་ཁྲིད་ལས་བྱེད་པས་སློབ་བཤེར་སྒྱུར་གསུམ་གྱི་ཐད་སྣེ་ཁྲིད་དཔེ་སྟོན་བྱེད་པར་སྐུལ་འདེད་བཏང་སྟེ། སློབ་སྦྱོང་ཞིབ་གྲོས་དང་གནད་དོན་འཚོལ་བཤེར་གཏིང་ཟབ་བྱེད་པ་སོགས་ཕྱོགས་དྲུག་ཐད་ཀྱི་བཀོད་སྒྲིག་དོན་ཚན་རེ་རེ་བཞིན་ཞིབ་ཕྲར་བཏང་ཞིང་། སློབ་སྦྱོང་སློབ་གསོ་དེ་ཉིད་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་བྱ་བའི་ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། ལུགས་མཐུན་ཅན་བཅས་སུ་འགྱུར་བའི་འཛུགས་སྐྱོང་ལོའི་འགུལ་སྐྱོད་དང་གཅིག་གྱུར་འཆར་འགོད་བྱེད་པར་གཙོར་བཟུང་ནས། ལས་ཁུངས་ཀྱི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཏང་དང་མི་དམངས་ཀྱི་སྲུང་དམག་རྣམ་དག་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས།

ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཀྲང་ཧྲུའུ་ཀོང་གིས་བཤད་རྒྱུར། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱིས་ལག་ལེན་དངོས་ཀྱི་ཐོག་ནས་གཏན་ཕབ་གཉིས་ལ་ཁས་ལེན་མཐའ་གཅིག་ཏུ་བྱེད་པ་དང་། སྲུང་སྐྱོང་གཉིས་དོན་འཁྱོལ་ཐག་ཆོད་བྱེད་པ། ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཇེ་ཆེ་རུ་གཏོང་བ། འཛེམ་མེད་ཐེར་འདོན་ངང་སྲིད་འབྲས་ལྟ་བའི་ནོར་འཛོལ་ཡོ་བསྲང་བྱེད་པ། མང་ཚོགས་ལ་བདེ་སྐྱིད་སྐྲུན་པ་དང་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་སྟངས་དང་རུལ་སུངས་གནད་དོན་ལ་གཅིག་སྡུད་ཐོག་དག་ཐེར་བྱེད་རྒྱུར་གཙིགས་སུ་བཟུང་ནས། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་མི་དང་བྱ་བ་ལ་ཞིབ་བཤེར་དང་ཆད་པ་ནན་པོ་གཅོད་པ་དང་། སྤྱོད་བསྲང་སྒྲིག་ནན་དང་རུལ་རྒོལ་བྱས་པའི་གྲུབ་འབྲས་ལ་བརྟེན་ནས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱས་ཡོད་ཟེར།

ཚོང་དོན་པུའུ་ཡིས་སློབ་སྦྱོང་སློབ་གསོའི་བྱ་བའི་ཇུས་གཞི་བཟོས་ནས། ཕྱོགས5དང་བྱེ་བྲག་བྱེད་ཐབས12ཀྱི་ཐད་ཞིབ་ཕྲར་བཏང་། སློབ་སྦྱོང་གཏིང་ཟབ་བྱེད་པ་དང་ཞིབ་བཤེར་ངོ་མ་བྱེད་པ། དག་ཐེར་དངོས་བྱེད་པ་བཅས་ཀྱི་ཐད་ཤུགས་བསྣན་ཏེ། ཏང་ཡོན་དང་ལས་བྱེད་པས་རྒྱལ་ནང་གི་དཔལ་འབྱོར་བྱ་བ་དང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་འཐབ་རྩོད་གཉིས་གཅིག་འགྱུར་འཆར་འགོད་སྔར་ལས་ལེགས་པོ་བྱ་རྒྱུའི་ཐད་བྱས་རྗེས་འཇོག་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཐོག་མའི་དམ་བཅའ་སྲུང་བ་དང་འགན་འཁྲི་འཁུར་བར་ཁྲིད་སྟོན་བྱས།

ཚོང་དོན་པུའུ་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ལི་ཝུའེ་ཀྲེང་གིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཤིང་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས། སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་འཛད་སྤྱོད་འཕེལ་རྒྱས་གཏོང་ཤུགས་ཇེ་ཆེར་གཏོང་བ་དང་། རང་བརྟེན་སྒོ་འབྱེད་རྒྱ་སྐྱེད་ཧུར་ཐག་བྱེད་པ། ཉོ་ཚོང་གསར་གཏོད་འཕེལ་རྒྱས་སྐུལ་འདེད་གཏོང་བ། ཕྱོགས་གཉིས་དངུལ་གཏོང་མཉམ་ལས་བར་སྟོང་རྒྱ་སྐྱེད་གཏོང་བ་བཅས་ཀྱི་ཕན་འབྲས་དངོས་ཀྱི་ཐོག་ནས་མངོན་དུ་བཅུག་པ་དང་། རྒྱ་ཆེའི་མང་ཚོགས་དང་ཁེ་ལས་ཀྱི་ཐོབ་སྣང་ཇེ་མཐོར་འགྲོ་བ་ལས་མངོན་དུ་བཅུག་པ་ཡིན་ཟེར།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་ཏང་ཙུའུ་ཡིས་སློབ་བཤེར་སྒྱུར་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། སྲིད་འབྲས་ལྟ་བའི་ཐད་ཡོད་པའི་གནད་དོན་འཚོལ་ཞིབ་གཏིང་ཟབ་བྱས་ལ། ཞིབ་བཤེར་ཞོར་དུ་དག་ཐེར་བྱས་པ་དང་། མྱུར་སྒྲུབ་མྱུར་བཅོས་བྱས་ནས། གནད་དོན་འབུར་ཐོན་ལ་གཅིག་སྡུད་དག་ཐེར་བྱས་པ་མ་ཟད། སྲིད་འབྲས་ལྟ་བའི་ནོར་འཛོལ་སྔོན་འགོག་དང་ཡོ་བསྲང་ནུས་ལྡན་བྱེད་པའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སྐྱེལ་འདྲེན་ཞབས་ཞུ་སིའི་སི་ཀྲང་གཞོན་པ། ཞིན་མིང་ལུན་གྱིས་བཤད་རྒྱུར། ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཡིད་ལ་བརྟན་པོར་བཅངས་ནས། སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་མི་དམངས་མང་ཚོགས་ཀྱི་ཕྱིར་སྐྱོད་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་པའི་ཐད་མངོན་ལ། ཁ་ལོ་བའི་ཁྱིམ་གཞིས་སྐོར་གྱི་འཛུགས་སྐྲུན་སྤུས་ཚད་མཐོར་འདེགས་དང་གཞི་ཁྱོན་རྒྱ་སྐྱེད་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་། འགྲུལ་པའི་ལམ་སྦྲེལ་སྐྱེལ་འདྲེན་དང་གྲོང་གསེབ་ཀྱི་འགྲུལ་ཟོང་སྦྲག་སྐྱེལ་མཉམ་འདྲེས་ཇེ་མགྱོགས་སུ་བཏང་ལ། འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་བོགས་གཏོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་དམངས་འཚོའི་དོན་དངོས་ལ་སྐུལ་འདེད་བཏང་ནས། ཚང་མ་སྔར་ལས་བདེ་འཇགས་དང་སྟབས་བདེའི་ངང་ཕྱིར་སྐྱོད་བྱེད་ཐུབ་པར་བྱས་ཡོད་ཟེར།

རང་བྱུང་ཐོན་ཁུངས་པུའུ་ཡིས་སློབ་སྦྱོང་སློབ་གསོའི་ལག་བསྟར་ཇུས་གཞི་པར་འགྲེམས་བྱས་ལ། རྣམ་བཤད་ལ་སློབ་སྦྱོང་དང་འཕེལ་རྒྱས་དོན་གཉེར། འགུལ་སྐྱོད་ལ་ལྟ་བ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་བརྒྱུད། རང་བྱུང་ཐོན་ཁུངས་ཁྱབ་ཁོངས་སུ་སྲིད་འབྲས་ལྟ་བ་ཡང་དག་གི་བླང་བྱ་དང་མི་མཐུན་པའི་གནད་དོན་འབུར་ཐོན་རྩད་ཞིབ་གཏིང་ཟབ་བྱས།

རང་བྱུང་ཐོན་ཁུངས་པུའུ་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཨུའི་རྒྱུན་གཏན་བྱ་བར་ལས་བགོས་དོ་དམ་བྱེད་པའི་ཧྲུའུ་ཅི་གཞོན་པ། ལི་ཏུང་ཁའེ་ཡིས་བཤད་རྒྱུར། རང་བྱུང་ཐོན་ཁུངས་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རང་བྱུང་ཐོན་ཁུངས་བྱ་བ་དང་རྒྱ་མཚོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན། རྒྱལ་ཁོངས་ལྗང་སྒྱུར་སོགས་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། སློབ་བཤེར་སྒྱུར་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ནས། ཡུན་རིང་བཅའ་སྡོད་ཞབས་ཞུ་སྤེལ་ལ། ས་གནས་ལ་དཀའ་གནད་སེལ་བ་དང་བྱ་བ་དངོས་སྒྲུབ་རྒྱུར་གཙོར་བཟུང་སྟེ། དངོས་སྒྲུབ་བྱས་པའི་གྲུབ་འབྲས་དངོས་ལ་བརྟེན་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཡག་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

སློབ་སྦྱོང་སློབ་གསོ་སྤེལ་བའི་ཁྲོད། ཆུ་བེད་པུའུ་ཡིས་སློབ་སྦྱོང་ཞིབ་གྲོས་དང་། གནད་དོན་འཚོལ་བཤེར། དག་ཐེར་བཅོས་སྐྱོང་། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ། སྒོ་འབྱེད་སློབ་གསོ་བཅས་ཀྱི་བྱ་བ་སོ་སོ་དམ་འཛིན་ནན་པོ་བྱས་ཏེ། སློབ་སྦྱོང་གཏིང་ཟབ་བྱེད་པ་དང་ཞིབ་བཤེར་དངོས་བྱེད་པ། དོན་དམ་དུ་དག་ཐེར་བྱེད་པ་བཅས་ཀྱི་ཐད་འབད་བརྩོན་བྱས་པར་ཕན་འབྲས་མངོན་ནས། སློབ་སྦྱོང་སློབ་གསོ་ལ་ཕན་འབྲས་དངོས་ཐོན་པར་ཁག་ཐེག་བྱས།

ཆུ་བེད་པུའུ་ཞིང་སྡེ་ཆུ་བེད་ཆུ་གློག་སིའི་སི་ཀྲང་གཞོན་པ་ཀྲོའུ་ཧྲོང་གིས་བཤད་རྒྱུར། ལྷག་པར་དུ་མིག་སྔར་རྒྱལ་ཡོངས་དཔྱིད་ཀའི་རྨོ་འདེབས་གྲ་སྒྲིག་གི་གནད་འགག་དུས་སུ་སླེབས་པར་ཁ་གཏད་དེ། ཆུ་བེད་པུའུ་ཡིས་དཔྱིད་ཀའི་ཆུ་འདྲེན་འགན་སྲུང་བྱ་བ་ཕྱོགས་ཡོངས་ནས་ལེགས་པོར་བསྒྲུབ་པར་བཀོད་སྒྲིག་བྱས་པ་མ་ཟད། ཧྲན་ཏུང་དང་ཧོ་ནན་ཞིང་ཆེན་གཉིས་ཀྱི་རྨ་ཆུའི་ཆུ་འདྲེན་ཁུལ་དུ་མི་མངགས་ནས་དངོས་སྡོད་རྟོག་ཞིབ་བྱས་པ་དང་། དངོས་ཡོད་གནད་དོན་ཐག་གཅོད་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཞིང་ཆུ་འདྲེན་པར་མཛུབ་སྟོན་བྱས་ཏེ། ཞིང་ལས་ཐོན་སྐྱེད་ཀྱི་ཆུ་བཀོལ་འགན་སྲུང་གི་རྨང་གཞི་ཇེ་བརྟན་དུ་བཏང་ཡོད་ཟེར།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་དཔེ་ཀློག་འཛིན་གྲྭ་དང་རྟོག་ཞིབ་སོགས་རྣམ་པ་སྣ་མང་བརྒྱུད་དེ། ཏང་ཡོན་ལས་བྱེད་པས་ལས་ཀའི་ཁྲོད་སྲིད་འབྲས་ལྟ་བ་ཡང་དག་པ་འཛུགས་པར་སློབ་གསོ་དང་ཁྲིད་སྟོན་བྱས་པ་དང་། ཕྱོགས་6ཐད་ཀྱི་ལས་འགན་དང་བྱེད་ཐབས་སྣ་19བཏོན་ནས་སློབ་བཤེར་སྒྱུར་གསུམ་གཞི་གཅིག་ཏུ་སྤེལ་བར་སྐུལ་འདེད་བཏང་།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ལས་ཁུངས་ཀྱི་ཏང་ཨུའི་རྒྱུན་གཏན་བྱ་བའི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་མིའོ་ཅིན་ཞང་གིས་བཤད་རྒྱུར། ང་ཚོས་མང་ཚོགས་ཀྱི་དོ་ཁུར་དང་མི་སེར་གྱི་བྲེལ་དཀའ་ཁྲལ་སྒུག་ཁྲོད་གནད་དོན་འཚོལ་བ་དང་། དག་ཐེར་བཅོས་སྐྱོང་ཏན་ཏིག་གིས་སྤེལ་ལ། ལས་ཞུགས་བརྟན་འཇགས་དང་རྩལ་ནུས་མཐོར་འདེགས། འགན་སྲུང་ལེགས་སྒྱུར། གསོན་ཤུགས་ཆེར་སྐྱེད། ཉེན་ཁ་སྔོན་འགོག་སོགས་ཀྱི་བྱ་བ་སྣ་་ཚོགས་ལེགས་པོར་བསྒྲུབས་ནས།  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྲིད་ཇུས་དང་ཞབས་ཞུའི་སྤུས་ལེགས་མཁོ་འདོན་ཇེ་དྲག་ཏུ་བཏང་བ་དང་། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དམངས་འཚོར་ཕན་འདོགས་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་སུ་བསྒྱུར་ཡོད་ཟེར།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།