ལའོ་ཏུང་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་དུ་གཙོ་གནད་ལས་གཞིའི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་དང་མཛུབ་སྟོན་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ3པའི་ཚེས23ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་གྱིས་ཟི་ལིང་གྲོང་ཁྱེར་དུ་གཙོ་གནད་ལས་གཞིའི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་དང་མཛུབ་སྟོན་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱེད་དགོས་ལ། ནན་ཏན་སྒོས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། ནུས་ལྡན་གྱི་དངུལ་གཏོང་སྔར་ལས་འབུར་ཐོན་གྱི་གནས་སུ་འཇོག་པ་དང་། སྤུས་ཚད་དང་བྱེད་ནུས་མཐོ་བའི་སྒོ་ནས་གཙོ་གནད་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཤུགས་ཆེན་པོས་དུས་ཚིགས་དང་པོའི་ཐོག་མའི་གྲུབ་འབྲས་ལ་ཧུར་བརྩོན་བཅས་བྱས་ཏེ། ནུས་ལྡན་ངང་ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་འཕེལ་རྒྱས་སྒུལ་ཤུགས་ཆེར་བསྐྱེད་བྱེད་དགོས།

ཟི་ལིང་གྲོང་ཁྱེར་ཧུའུ་ཐའེ་སློབ་འབྲིང་རྒྱ་བསྐྱེད་ལས་གཞིའི་ཡུལ་དངོས་སུ་སོང་སྟེ། ལའོ་ཏུང་ཁྲོན་གྱིས་འཆར་འགོད་ཇུས་གཞི་དང་མ་དངུལ་གཏོང་སྤྲོད། བྱེད་ནུས་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ཁོས་ནན་གྱིས་བསྟན་དོན། དངུལ་གཏོང་དོན་འཁྱོལ་དང་བཟོ་སྐྲུན་འཛུགས་སྐྲུན་གྱི་མྱུར་ཚད་དམ་འཛིན་བྱེད་པ་དང་། ཨར་ལས་རྩ་འཛུགས་ལེགས་བསྒྱུར་བྱེད་པ། ཨར་ལས་འགན་སྲུང་ཆེར་བསྐྱེད་བྱེད་པ། བཟོ་སྐྲུན་གྱི་སྤུས་ཚད་དང་ཨར་ལས་བདེ་འཇགས་ཀྱི་སྔོན་འགྲོའི་འོག  ལྷག་མའི་འཛུགས་སྐྲུན་གཞན་དག་ལ་སྐུལ་འདེད་བྱས་ཏེ་ལས་གཞི་དུས་ལྟར་ལེགས་འགྲུབ་བྱེད་པར་འགན་སྲུང་བྱེད་དགོས། ལས་གཞིའི་རྒྱ་བསྐྱེད་སྤུས་འདེགས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། མགྱོགས་མྱུར་ངང་མི་འབོར་གྱི་འགྱུར་ལྡོག་དང་མཐུན་པའི་སློབ་གསོའི་ཐོན་ཁུངས་བཀོད་གཏོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ས་ཁུལ་སློབ་གསོའི་ཁྱབ་ཚུལ་དང་ཆགས་ཚུལ་ལེགས་བསྒྱུར་བྱས་ཏེ། དེ་ལས་མང་བོའི་བྱིས་པ་དག་གིས་རང་ཁྱིམ་གྱི་སྒོ་མདུན་དུ་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ལོངས་སྤྱོད་ཐུབ་པར་བྱེད་དགོས།

ཟི་ལིང་གྲོང་ཁྱེར་མདོ་བའི་ཆུ་འདྲེན་བཟོ་གྲྭའི་ཡུལ་དངོས་སུ། ལའོ་ཏུང་ཁྲོན་གྱིས་ལས་གཞིའི་འཆར་འགོད་དང་ཨར་ལས་ཀྱི་མྱུར་ཚད། དངུལ་གཏོང་ལེགས་འགྲུབ་བྱས་པ་བཅས་ཀྱི་གནས་ཚུལ་ལ་ཉན་པ་དང་། ལས་གཞིའི་འཛུགས་སྐྲུན་གྱི་གནད་འགག་དུས་ཚོད་ལ་དམ་པོར་དམིགས་པ་དང་། བཟོ་སྐྲུན་འཛུགས་སྐྲུན་དང་ཆུའི་སྤུས་ཚད་ཀྱི་བདེ་འཇགས་འགག་སྒོ་དམ་པོར་སྲུང་སྟེ། ཆུ་འདྲེན་བཟོ་གྲྭའི་ལས་གཞི་གཙོ་བོ་དང་སྦུག་དྲའི་འཛུགས་སྐྲུན་གྱི་བཀོད་གཏོང་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། ས་ཁུལ་གྱི་ཆུ་འདོན་སྤྲོད་ཀྱི་རྨང་གཞིའི་སྒྲིག་ཆས་མ་ལག་འཐུས་ཚང་དུ་གཏོང་བ། ནུས་ཤུགས་ཡོད་རྒུས་ཆུའི་ཐག་གཅོད་ལག་རྩལ་གྱི་དཀའ་གནད་སེལ་ཏེ། ནུས་ལྡན་གྱི་དངུལ་གཏོང་ལ་བརྟེན་ནས་གྲོང་ཁྱེར་གྱི་ཆུའི་འདོན་སྤྲོད་ཀྱི་འགན་སྲུང་ནུས་པ་མཐོར་འདེགས་བཏང་ནས། གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲ་བརྟན་དང་བློས་འཁེལ་ཆོག་པའི་ཆུ་འདོན་འགན་སྲུང་འདོན་སྤྲོད་བྱེད་དགོས།

ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་རྒྱལ་ཁབ་གཙོ་གནད་རིམས་ནད་འགོག་བཅོས་རྟེན་གཞིའི་ལས་གཞི་འཛུགས་སྐྲུན་ཡུལ་དངོས་སུ་སོང་སྟེ། ལའོ་ཏུང་ཁྲོན་གྱིས་ཡུལ་དངོས་ནས་ལས་གཞིའི་ཨར་ལས་མྱུར་ཚད་ལ་རྟོག་ཞིབ་བྱས་པ་དང་། བྱེད་ནུས་ཀྱི་ངེས་གནས་དང་ལས་གཞིའི་དངུལ་གཏོང་། སྨན་བཅོས་རུ་དཔུང་སྒྲིག་འཛུགས་སོགས་ཀྱི་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་བྱས།  ཁོས་ནན་གྱིས་བསྟན་དོན། ལས་གཞིའི་དངུལ་གཏོང་གི་གཅིག་གྱུར་འཆར་འགོད་ཆེར་བསྐྱེད་བྱེད་པ་དང་། སྔ་མོ་ནས་ཕན་འབྲས་ཅན་གྱི་བཟོ་སྐྲུན་ལེགས་འགྲུབ་བྱེད་པར་བརྩོན་ལེན་བྱེད་པ། ཏན་ཏིག་གིས་ས་ཁུལ་གྱི་རིམས་ནད་གཙོ་བའི་རིགས་ཀྱི་ཚོད་འཛིན་འགོག་སྲུང་ནུས་པ་མཐོར་འདེགས་གཏོང་བ། ཞོར་དུ་ཉེ་འགྲམ་ས་ཁུལ་གྱི་སྤྱི་བའི་འཕྲོད་བསྟེན་གྱི་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བ་དང་། མཐོ་སྒང་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་བདེ་འཇགས་ཀྱི་འགོག་ཐིག་བརྟན་སྲུང་བཅས་བྱེད་དགོས།

རྟོག་ཞིབ་ཁྲོད། ལའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དུས་ཚིགས་དང་པོའི་གྲུབ་འབྲས་ཐོག་མ་དང་ལོ་ཧྲིལ་བོའི་འཕེལ་རྒྱས་དམིགས་འབེན་ལ་དམ་པོར་དམིགས་ཏེ། གཙོ་གནད་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་དང་། ནུས་ལྡན་གྱིས་དངུལ་གཏོང་རྒྱ་བསྐྱེད་པ་དེ་མིག་སྔའི་ཁྱབ་ཁོངས་སོ་སོའི་བྱ་བ་ལེགས་པོར་སྒྲུབ་པའི་དམ་འཛིན་བྱེད་ཡུལ་གལ་ཆེན་དུ་བཟུང་ནས། ཐོག་མཐའ་བར་གསུམ་དུ་སྤུས་ཚད་ཨང་དང་པོ་དང་བདེ་འཇགས་ཆེས་གལ་ཆེན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། ལས་གཞིའི་འཆར་འགོད་དང་བཟོ་སྐྲུན། རྩིས་སྤྲོད་བཅས་ཀྱི་གཙོ་གནད་ལས་རིམ་སོ་སོ་དམ་འཛིན་བྱས་ཏེ།  ནུས་ཤུགས་ཡོད་རྒུས་མ་དངུལ་དང་ས་ཞིང་། མི་བཀོལ་སོགས་ཀྱི་གཙོ་གནད་འགན་སྲུང་ལེགས་པོར་སྒྲུབས་ཏེ། འགག་རྩ་དང་དཀའ་ཁེག་ཅན་གྱི་གནད་དོན་དུས་ཐོག་ཏུ་སེལ་བ་དང་། ལས་གཞི་སྔ་མོ་ནས་བརྩོན་ལེན་དང་། སྔ་མོ་ནས་འཛུགས་སྐྲུན། སྔ་མོ་ནས་ཕན་འབྲས་ཐོབ་པ་བཅས་ལ་སྐུལ་འདེད་བཏང་ནས། ཞིབ་ཚགས་ཀྱིས་སྤུས་ལེགས་ཀྱི་བཟོ་སྐྲུན་དང་དམངས་ཕན་གྱི་བཟོ་སྐྲུན་སྐོར་ཞིག་བསྐྲུན་དགོས། རྒྱལ་ཁབ་ཀྱི་དངུལ་གཏོང་ཁྲིད་སྟོན་ལ་དམ་པོར་དམིགས་ཏེ། ཧུར་ཐག་གིས་ཀྲུང་དབྱང་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ་དང་། ལས་གཞིའི་དངུལ་གསོག་ཐབས་ལམ་རྒྱ་བསྐྱེད་པ། མུ་མཐུད་དུ་ནུས་ལྡན་དངུལ་གཏོང་གི་གཞི་རྒྱ་ཆེར་བསྐྱེད་བྱེད་པ། དམངས་འཚོ་ལ་ཕན་པ་དང་ཞན་ཆ་ཁ་གསབ། སྒུལ་ཤུགས་འཕེལ་བ་བཅས་ཀྱི་གཙོ་གནད་ལས་གཞི་སྐོར་ཞིག་གྲ་སྒྲིག་དང་ཇུས་འགོད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྲ་བརྟན་གྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།

ཀྲང་ཅིན་ཀང་རྟོག་ཞིབ་ལ་ཞུགས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།