ཡུས་ཧྲུའུ་ཁུལ་ནང་ཆེན་རྫོང་གིས་དུས་ཚིགས་དང་པོའི་ཐད་གཏོང་ཕྱིར་འཚོང་ཐད་ཟིན་ཐོ་གསར་པ་བསྐྲུན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས23ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ནས་རྒྱུས་ལོན་པ་ལྟར་ན། ནང་ཆེན་རྫོང་གི་ཉུང་མ་ཐོན་ལས་ཀྱིས་སྣེ་ཁྲིད་ནས་དུས་ཚིགས་དང་པོའི་ཐད་གཏོང་ཕྱིར་འཚོང་ཚད་སྒོར་བྱེ་བ་གསུམ་དང་འབུམ་དྲུག་བརྒལ་ནས་ཟིན་ཐོ་གསར་བ་བསྐྲུན།

ཉུང་མ་ཆུང་ཡང་ནུས་ཚད་མཐོ་ལ། ལ་ཕུག་དང་ཅུང་འདྲ་བའི་ཉུང་མ་ནི་ཟས་སྨན་གཉིས་སྤྱོད་ཀྱི་སྐྱེ་དངོས་རིགས་ཤིག་ཡིན་ལ། གསོ་རིག་རྒྱུད་བཞིའི་ནང་ཉུང་མ་ལ་རླུང་ནད་སེལ་བ་དང་ངལ་དུབ་སེལ་བ། ཁྲག་ཚིལ་འཕྲི་བ། བཅུད་དང་ལྡན་པའི་ཕན་ནུས་བརྗོད་ཡོད་ཅིང་ས་ཆུ་མ་འཕྲོད་པའི་རིགས་ལའང་ཕན་པར་བཤད།

ནང་ཆེན་རྫོང་ཉུང་མའི་ཐོན་ལས་འཕེལ་རྒྱས་ཀྱི་རྟེན་གཞིས་ཐོན་ལས་འཕེལ་རྒྱས་ཀྱི་རྩ་བའི་དམིགས་འབེན་གཞིར་བཟུང་ནས་ཚོང་རའི་དགོས་མཁོ་ཁྲིད་ཕྱོགས་སུ་བྱས་ཏེ། ཐད་གཏོང་ཕྱིར་འཚོང་གི་ཐབས་ལམ་གཙོར་བཟུང་ནས་མི་སྣ་དོ་དམ་དང་མ་རྩ་ཚོད་འཛིན། ཐོན་རྫས་འཁོར་སྐྱོད་སོགས་ཀྱི་གཙོ་གནད་བྱ་བ་ཁག་ལེགས་པར་བསྒྲུབས་ནས་ད་ལོའི་ཟླ་གསུམ་པའི་ཟླ་སྨད་བར་དུ་རྟེན་གཞིས་ཁྱོན་སྡོམ་ཉུངས་མའི་ཐོན་རྫས་ཀྱི་སྤྱིའི་ཕྱིར་འཚོང་ཚད་སྒོར་བྱེ་བ་གསུམ་དང་དྲུག་འབུམ་སུམ་ཁྲི་ཉིས་སྟོང་ལ་བུད་ནས་ཕྱོགས་ཡོངས་ཀྱི་མ་རྩ་ཕུད་པའི་རྨང་གཞིའི་སྟེང་ཁེ་སྤོགས་ཐོབ།

ཐོན་ལས་རྟེན་གཞིས་ཐད་གཏོང་ཕྱིར་འཚོང་ཉུངས་མ་ཕྱིར་འཚོང་གི་ཐབས་ལམ་གཙོ་བོར་བྱས་ནས་ནང་ཆེན་རྫོང་རང་ངོས་ཀྱི་ཐད་གཏོང་རྣམ་པ་བརྒྱུད་ཐད་གཏོང་ཐེངས་གྲངས་དང་ཐོན་རྫས་རིགས་བགར་ལ་གཅིག་འདོམས་བྱེད་བཞིན་ཡོད། ད་ལོའི་ལོ་མགོ་ནས་ད་ལྟའི་བར་རྟེན་གཞི་འདིས་ཉུང་མའི་ཐོན་རྫས་ཕྱིར་འཚོང་གི་ཐད་གཏོང་ཐེངས་བདུན་བྱས་ནས་ཚོང་རའི་མཛད་སྤྱོད་དགོས་མཁོ་དང་ལེགས་པོར་སྦྲེལ་མཐུད་བྱས།

ནང་ཆེན་རྫོང་ཉུང་མའི་ཐོན་ལས་འཕེལ་རྒྱས་རྟེན་གཞིས་ཐད་གཏོང་ཕྱིར་འཚོང་གི་ཐབས་ལམ་མུ་མཐུད་རྒྱ་བསྐྱེད་ནས་ཐོན་རྫས་ཀྱི་རིགས་དང་ཕྱིར་འཚོང་ཐབས་ཇུས་ལེགས་སྒྱུར་བྱེད་པ་དང་། མ་རྩ་སྔར་ལས་ཚོད་འཛིན་བྱས་ནས་ཉུང་མའི་ཐོན་རྫས་ཀྱི་ཚོང་རའི་འགྲན་རྩོད་ནུས་པ་མུ་མཐུད་མཐོ་རུ་བཏང་ནས་ནང་ཆེན་རྫོང་གི་ཉུང་མའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་སྐུལ་བྱ་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།