ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བའི་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས23ཉིན། ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བའི་གྲོས་ཚོགས་བསྡུས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་།     རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་དང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ལ།     “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ཕན་འབྲས་སྤྱི་སྡོམ་བྱས་པ་དང་།    དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་ལ། ཆུ་ཚད་སྔར་ལས་མཐོ་བའི་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་ཆེད་སྲ་ཞིང་བརྟན་པའི་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས།

གྲོས་ཚོགས་སྟེང་། ལིའུ་ཆི་ཧྥན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ཧོ་ལུའུ་ཁྲུན་གྱིས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་བསྐྱངས་པའི་བྱ་བའི་གནས་ཚུལ་ཁྱབ་སྒྲོག་བྱས། ཟི་ལིང་གྲོང་ཁྱེར་དང་རྨ་ལྷོ་ཁུལ།     ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།     ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ།

ཝུའུ་ཞའོ་ཅུན་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ནི་ཏང་གིས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་འགོ་ཁྲིད་བྱས་པའི་ཕུན་སུམ་ཚོགས་པའི་ལག་ལེན་དང་ཉམས་མྱོང་རྩ་ཆེན་ལ་ཚན་རིག་དང་མཐུན་པའི་ཕྱོགས་བསྡོམས་བྱས་པ་ཞིག་དང་།     དུས་རབས་གསར་པར་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་ཞིག་རེད།     ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ངོ་བོ་དང་དོན་གྱི་སྙིང་པོར་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་དང་ཁྲིམས་སྐྱོང་གི་བགྲོད་ལམ། བརྒྱུད་རིམ་ལྡན་པའི་ཇུས་འགོད་དང་མཐུན་སྦྱོར་སྐུལ་འདེད།     རིན་ཐང་འཚོལ་སྙེག་དང་ལག་ལེན་ནུས་ཕྱོད་བཅས་ཕན་ཚུན་གཅིག་གྱུར་ཡོང་བར་བྱས་ནས། མུ་མཐུད་དུ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཁྲིམས་འཛུགས་དང་ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་གང་ཅིའི་ཐད་འདྲེས་པར་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བ་སྐས་རིམ་གསར་པར་སྙེག་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཝུའུ་ཞའོ་ཅུན་གྱིས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བར་ཐོབ་པའི་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་བྱས། ཁོས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས།     ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ཕན་འབྲས་མུ་མཐུད་དུ་མཐོ་རུ་གཏོང་བ།   ཁྲིམས་སྐྱོང་སྲིད་གཞུང་དང་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་ཡོངས་ནས་ཁྲིམས་འཛིན་དྲང་གཞག་ལ་སྐུལ་འདེད་བཏང་སྟེ།     སྔར་ལས་འཐུས་སྒོ་ཚང་བའི་ཁྲིམས་སྐྱོང་གི་མ་ལག་མགྱོགས་མྱུར་སྒོས་འཛུགས་དགོས། ཁྲིམས་སྐྱོང་དང་བཅོས་སྒྱུར། འཕེལ་རྒྱས། བརྟན་བརླིང་བཅས་ཕན་ཚུན་མཐུན་སྦྱོར་ཡོང་བར་སྔར་ལས་མཐོང་ཆེན་བྱས་ཏེ།     ཁྲིམས་སྐྱོང་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་སའི་འཛུགས་སྐྲུན་ལ་སྲུང་སྐྱོང་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་པ། སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོང་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས། ཏང་གིས་ཁྲིམས་འཛུགས་ལ་འགོ་ཁྲིད་དང་ཁྲིམས་བསྟར་ཁག་ཐེག  ཁྲིམས་འཛིན་ལ་རྒྱབ་སྐྱོར། སྣེ་ཁྲིད་དེ་ཁྲིམས་སྲུང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་གཟབ་ནན་དུ་གཏོང་བ་དང་།   འགག་རྩའི་ཉུང་ཤས་འབུར་དུ་བཏོད་ནས་དམ་འཛིན་བྱེད་པ། ཁྲིམས་སྐྱོང་བྱ་བའི་དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ།     “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དགོས་པ་ནན་གྱིས་བསྟན།

ལུའོ་ཏུང་ཁྲོན་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།  སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློའི་ངོས་འཛིན་གཅིག་ཏུ་བསྡུ་བ་དང་། ཁྲིམས་སྐྱོང་གི་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ།     སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། དམངས་འཚོ་ལེགས་བཅོས།  ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ནས། ཁྲིམས་སྐྱོང་གིས་རྩ་བ་ཇེ་བརྟན་དུ་གཏོང་བ་དང་། སྔོན་དཔག་ཇེ་བརྟན་དུ་གཏོང་བ།    ཡུན་རིང་ལ་ཕན་པ་བཅས་ཀྱི་ཐད་ཐོན་པའི་འགན་སྲུང་ནུས་པ་འདོན་སྤེལ་སྔར་ལས་ལེགས་པོ་བྱས་ཏེ།     ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ལས་འགན་སྣ་ཚོགས་དོན་འཁྱོལ་ཞིབ་ཚགས་བྱེད་པ་དང་། བྱ་བ་སོ་སོའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ།  ཧུར་ཐག་གིས་ཁྲིམས་འཛུགས་སྔར་ལས་གནད་ལ་འཁེལ་བའི་སྒོ་ནས་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྦྲེལ་མཐུད་བྱེད་པ་དང་།   ཁྲིམས་འཛིན་སྔར་ལས་གཟབ་ནན་དང་ཚད་ལྡན། ནུས་ཆོད་མཐོ་བ། ཁྲིམས་འཛིན་གྱིས་དྲང་གཞག་དྲང་བདེན་སྔར་ལས་སྲུང་བ།     ཁྲིམས་སྲུང་དང་བཅའ་ཁྲིམས་ཁྱབ་གདལ་སྔར་ལས་མི་སེམས་སུ་གཏིང་ཟབ་སྒོས་སིམ་པ་བཅས་བྱས་ཏེ། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བསྐྲུན་པར་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས་ཞེས་བསྟན།

གྲོས་ཚོགས་བརྙན་རིས་ཀྱི་རྣམ་པས་བསྡུས་པ་དང་། ཞིང་ཆེན་ནས་ཚོགས་ར་གཙོ་བོ་བཙུགས་པ་དང་གྲོང་ཁྱེར་དང་ཁུལ་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས། ལིའུ་མེ་ཕིན་དང་། ཝུའུ་ལ་ཙི་པིའེ་ཁོ·རེ་སུའུ་ལི་ཧན། པད་གོ། ཀྲུའུ་ཞང་ཧྥེང་། ཚའོ་ཅུན།   ལུའི་ཀང་། ལི་ཧུང་ཡ། ཐེན་ཁུའེ། ཀྲ་ཆིང་ཅིའུ་བཅས་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།