མཚོ་སྔོན་གྱིས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་གནོད་སྐྱེལ་བའི་ཁྲིམས་འགལ་ཉེས་གསོག་ལ་ནན་བཤེར་བྱ་རྒྱུ་རེད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་གྱི2026ལོའི་བསིལ་རླུང་འགུལ་སྐྱོད་སྤེལ་འགོ་བརྩམས། ཐེངས་འདིའི་བྱེད་སྒོ་ནི་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་སྣེ་ཁྲིད་ནས་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་། ཞིང་ཆེན་སྤྱི་བདེ་ཐིན། ཟི་ལིང་སྒོ་གཅན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན། ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ། དམངས་འགྲིལ་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་སྦྲགས་སྲིད་དོ་དམ་ཅུའུ། ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སི་སོགས་ལས་ཁུངས་བཅུ་གཅིག་དང་མཉམ་འབྲེལ་སྒོས་དུས་ཡུན་ཟླ་གཉིས་དང་ཟླ་ཕྱེད་རིང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་གནོད་སྐྱེལ་བའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་བཏང་ནས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་རེད།

ཐེངས་འདིའི་མཉམ་འབྲེལ་ཆེད་དོན་འགུལ་སྐྱོད་དེ་གནད་འགག་འབུར་དུ་ཐོན་པ་དང་རྡུང་རྡེག་དང་འགོག་ཟོན་མཉམ་འབྲེལ། ཕན་འབྲས་དངོས་གཉེར་གྱི་རྩ་དོན་ལྟར། ཁྱབ་ཁོངས་གཙོ་བོ་བཞི་དང་སྤྱོད་ལམ་དམིགས་ནས་གནད་ཁེལ་ཤུགས་འདོན་དང་དག་ཐེར་ནན་མོ་བྱ་དགོས། གཙོ་བོར་ཁྲིམས་འགལ་ངང་རི་དྭགས་རྔོན་པ་དང་ལྐོག་འཚོང་། ཉོ་ཚོང་བྱེད་པ། སྐྱེལ་འདྲེན། སྐུར་སྐྱེལ། ལས་སྣོན། རི་སྐྱེས་བྱ་རིགས་དང་གླ། འབྲོང་བཅས་ཀྱི་ཤ་ཟ་བ་སོགས་གཙོ་གནད་སྲུང་སྐྱོབ་བྱེད་པའི་སྲོག་ཆགས་རིགས་ཐད་ཀྱི་སྦྲེལ་ཐག་ཧྲིལ་བོའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་རྡུང་རྡེག་བཏང་ནས་རྩ་ཆེའི་ཚར་ཉེན་ཆེ་བའི་སྲོག་ཆགས་རིགས་ལ་སྲུང་སྐྱོབ་བྱ་རྒྱུ་རེད། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་ཁྱབ་ཁོངས་ཀྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་ཁྲིམས་འགལ་ངང་བསྡུ་རུབ་དང་ཉོ་སྒྲུབ། ཕྱིར་འཚོང་། བེད་སྤྱོད་གཏོང་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྒྱུན་མཐུད་ངང་རྡུང་རྡེག་ནན་མོ་བཏང་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་མཐའ་སྲུང་རྒྱུ་རེད། རྩ་ཆེའི་ཚར་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དང་དེའི་ཐོན་རྫས་ཁྲིམས་འགལ་ངང་ཕྱིར་སྐྱེལ་ནང་འདྲེན་དང་སྒེར་འཚོང་བྱ་བ། འབྲེལ་ཡོད་སྐུར་སྐྱེལ་སྐྱེལ་འདྲེན་བྱ་སྤྱོད་ལ་རྡུང་རྡེག་དང་དག་ཐེར་བྱས་ནས་ཁྲིམས་འགལ་ཚོང་ལམ་གཏན་འགོག་བྱ་རྒྱུ་རེད། དུས་བྱའི་གནས་སྤོའི་ལམ་ཐིག་སྟེང་གི་འདབ་ཆགས་ཀྱི་བསྟི་གནས་གལ་ཆེན་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་དཔྱིད་དུས་ཀྱི་དུས་བྱ་གནས་སྤོ་བའི་དུས་ཚིགས་གལ་ཆེན་དང་དམ་པོར་དམིགས་ནས་ ཁྱབ་ཁོངས་གཙོ་བོ་དང་གནས་ཡུལ་གཙོ་བོ། དམིགས་བྱ་གཙོ་བྱ། ཁུངས་སྣེ་གཙོ་བོ་བཅས་ལ་དམིགས་ནས་གཅིག་བསྡུས་སྒོར་རྩ་འཛུགས་དང་འགོག་རྒོལ་བྱས་ནས་ཚོགས་པ་ཅན་དང་སྦྲེལ་ཐག་ཅན། དྲ་རྒྱ་ཅན་གྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་ཟིལ་ཤུགས་མངོན་པར་བྱ་དགོས།

ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཛིན་པས་ངོ་སྤྲོད་བྱས་དོན། ཐེངས་འདིའི་འགུལ་སྤྱོད་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཁྲིམས་འགལ་ཉོ་ཚོང་ལ་རྡུང་རྡེག་གཏོང་བའི་སྡེ་ཁག་བར་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚོགས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྐྱེ་ཁམས་དོ་སྲུང་བའི་སྟོབས་ཤུགས་དང་མཉམ་འབྲེལ་སྒོས་རྡུང་རྡེག་ལེགས་བཅོས་བྱ་བ་ཕྱོགས་ཡོངས་ནས་སྤེལ་རྒྱུ་ཡིན། འགུལ་སྐྱོད་སྤེལ་སྐབས་སུ་ལས་ཡུལ་དང་པོའི་ཁྲིམས་བསྟར་མི་སྣ་རྩ་འཛུགས་བྱས་ནས་ཁྲིམས་འགལ་སྤྱོད་ལམ་རིགས་སོ་སོར་རྡུང་རྡེག་གཏོང་རྒྱུ་དང་། ཁྲིམས་འགལ་ཉེས་གསོག་སྤྱོད་ལམ་གཙོ་གནད་དུ་བཟུང་ནས་རྡུང་རྡེག་གཏོང་བ་དང་ཁུལ་ཁོངས་དང་གནས་ཡུལ་བཅོས་སྒྲིག་བྱས་ནས་ཁྲིམས་འགལ་བྱ་སྤྱོད་སོ་སོར་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱ་དགོས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།