ཞི་ཅིན་ཕིང་གིས་ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་གཅིག་མཐུན་ཚོགས་པའི་རྩེ་ཚོགས་སྐབས་བཅུ་པར་རྟེན་འབྲེལ་གློག་འཕྲིན་བཏང་།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

ཟླ3ཚེས21ཉིན།  ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་གཅིག་མཐུན་ཚོགས་པའི་རྩེ་ཚོགས་སྐབས་བཅུ་པ་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཁོ་ལོམ་པི་ཡ་རུ་འཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྩེ་ཚོགས་ལ་རྟེན་འབྲེལ་གློག་འཕྲིན་བཏང་། 

ཞི་ཅིན་ཕིང་གིས་བསྟན་དོན། ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་གཅིག་མཐུན་ཚོགས་པ་བཙུགས་པ་ནས་བཟུང་། ལ་ཏིང་མེ་གླིང་དང་ཅ་ལེ་པི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་ནས་འཛམ་གླིང་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། ན་ནིང་གི་ཟླ5པར། ཀྲུང་གོ་དང་ལ་ཏིང་མེ་གླིང་གཅིག་མཐུན་སྒྲིག་གཞིའི་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཞི་པ་པེ་ཅིང་དུ་རྒྱལ་ཁའི་ངང་འཚོགས་ཤིང་། ང་རང་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཀྲུང་གོ་དང་ལ་ཏིང་མེ་གླིང་གིས་ལག་གདང་སྦྲེལ་ནས་མཐུན་སྒྲིལ་དང་། འཕེལ་རྒྱས། ཤེས་དཔལ། ཞི་བདེ། དམངས་སེམས་བཅས་བཟོ་སྐྲུན་ཆེན་པོ་ལྔ་སྤེལ་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ་དང་། དེར་ལ་ཏིང་ཕྱོགས་ཀྱིས་དང་ལེན་ཧུར་ཐག་བྱས་པ་རེད། ལོ་གཅིག་གི་རིང་ལ།   ཀྲུང་གོ་དང་ལ་ཏིང་མེ་གླིང་ཕྱོགས་གཉིས་ཀྱིས་མཉམ་ལས་དམ་ཟབ་བྱས་ཏེ། བཟོ་སྐྲུན་ཆེན་པོ་ལྔ་རྒྱུན་ཆད་མེད་པར་ཇེ་ཟབ་དང་ཏན་ཏིག་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཕྱོགས་གཉིས་ཀྱི་མི་དམངས་ལ་དོན་དངོས་གྱི་བདེ་སྐྱིད་བསྐྲུན་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱི་གྲོགས་པོ་བཟང་པོ་དང་སྤུན་ཟླ་ཡག་པོ་བྱས་ཏེ་ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱིས་རང་ངོས་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ལ་ཏིང་མེ་གླིང་ཕྱོགས་དང་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་འདྲ་མཉམ་དྲང་བཞག་སྲུང་སྐྱོང་བྱས་ཏེ་ཐུན་མོང་ཐོག་ཀྲུང་གོ་དང་ལ་ཏིང་མེ་གླིང་ལས་སྐལ་གཅིག་མཐུན་ཚོགས་པའི་ལེའུ་གསར་པ་རྩོམ་འདོད།  

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།