ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱིས་མཉམ་ལས་མཉམ་རྒྱལ་གྱི་ལེའུ་གསར་པ་རྩོམ་དགོས།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་། ཉོ་ཚོང་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་ཡར་སྐུལ་བྱེད་པ། འཛམ་གླིང་དང་རང་ངོས་འཕེལ་རྒྱས་གཏོང་བའི་གོ་སྐབས་མུ་མཐུད་དུ་མཉམ་སྤྱོད་བྱས་ནས། འཛམ་གླིང་གི་འཕེལ་རྒྱས་ལ་དྲང་ནུས་དང་ངེས་གཏན་རང་བཞིན་སྔར་བས་མང་པོ་སྣོན་དགོས་ཞེས་བསྟན། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོར། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་བརྟེན་ནས་བཅོས་སྒྱུར་གཏིང་ཟབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མཉམ་ལས་མཉམ་རྒྱལ་གྱི་ལེའུ་གསར་པ་རྩོམ་རྒྱུ་རེད། 

ཚེས་ཉེར་གཉིས་ཉིན། ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་པེ་ཅིང་དུ་བསྡུས་པ་དང་།  རྒྱལ་སྤྱིའི་རྩ་འཛུགས་དང་འཛམ་གླིང་གི་རྒྱལ་ཁབ་ལས་བརྒལ་བའི་ཁེ་ལས་སྟོབས་ཆེན500ཡི་ཚོང་དཔོན100ལྷག་གཅིག་རྗེས་གཉིས་མཐུད་ངང་ཀྲུང་གོར་ཡོང་སྟེ་གླེང་སྟེགས་ལ་ཞུགས། རྗེས་ཀྱི་ཉིན་ཤས་ནང་པོ་ཨའོ་ཡ་གླིང་གླེང་སྟེགས་དང་ཀྲུང་ཀོན་སྡེ་བའི་གླེང་སྟེགས་ཀྱང་སྔ་རྗེས་སུ་བསྡུ་རྒྱུ་ཡིན་ལ། དཔྱིད་ཀ་འདིར་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་མུ་མཐུད་དུ་སྐུལ་འདེད་གཏོང་བའི་ཀྲུང་གོས“ཁབ་ལེན་གྱི་འཐེན་ཤུགས”ཆེན་པོས་འཛམ་གླིང་གི་མིག་དབང་འཕྲོག སྒོ་འབྱེད་ཀྱི་ཀྲུང་གོ་ཁོ་ན་མ་གཏོགས་དེང་རབས་ཅན་གྱི་ཀྲུང་གོར་འགྱུར་མི་སྲིད་ལ། 2026ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོ་ཡིན་པ་དང་། ད་ལོའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཕྱི་ཕྱོགས་སྒོ་འབྱེད་མཐའ་འཁྱོངས་ཀྱིས་ཁྱབ་ཁོངས་མང་པོའི་མཉམ་ལས་མཉམ་རྒྱལ་ལ་སྐུལ་འདེད་གཏོང་དགོས།  ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་སྤྱི་ཁྱབ་ཧྲུའུ་ཅིས“ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དང་། འཛམ་གླིང་ཧྲིལ་པོའི་ཚོང་ར་རྒྱ་ཆེར་གསར་འབྱེད། རྒྱལ་སྤྱིའི་འཁོར་རྒྱུག་སྔར་ལས་ལེགས་པར་སྦྲེལ་མཐུད་བྱ་དགོས་པའི ” རྣམ་བཤད་གལ་ཆེན་རབ་དང་རིམ་པས་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་དང་ཡིད་ཆེས་མངོན།

ཚོང་དོན་པུའུ་རྒྱལ་སྤྱིའི་ཚོང་དོན་དཔལ་འབྱོར་མཉམ་ལས་ཞིབ་འཇུག་གླིང་གི་གླིང་གཙོ་ཝང་ཞུའེ་ཁུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་ཧྲིལ་པོའི་མཐོང་རྒྱ་དང་ལོ་རྒྱུས་ཀྱི་མིག་རྒྱང་གིས།“ཀྲུང་གོའི་སྒོ་འབྱེད་ཀྱི་སྒོ་ཆེན་ནམ་ཡང་རྒྱག་མི་སྲིད་པ་མ་ཟད། སྒོ་འབྱེད་ཇེ་ཡངས་ནས་ཇེ་ཡངས་སུ་འགྲོ་ངེས་ཡིན་པ”ནན་གྱིས་བསྟན། བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་སྐུལ་འདེད་བཏང་སྟེ་དུས་རབས་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ཀྱི་བློ་གྲོས་དང་ལོ་རྒྱུས་ཀྱི་རང་འགུལ་མངོན་པར་བྱས་ཡོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱིས་དུས་རིམ་གསར་པར་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བར་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི་རྩ་གནད་ལས“ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་གཏོང་བའི”ཐད་བཀོད་སྒྲིག་གལ་ཆེན་བྱས་པ་དང་། ཞབས་ཞུའི་ལས་རིགས་གཙོ་གནད་དུ་བཟུང་སྟེ་ཚོང་རར་ཞུགས་འཐུས་དང་སྒོ་འབྱེད་ཁྱབ་ཁོངས་རྒྱ་སྐྱེད་གཏོང་དགོས་པ་དང་། རྣམ་པ་འདྲ་མིན་གྱི་སྒོ་འབྱེད་མཐོ་ས་བཏོད་དེ་སྐམ་མཚོ་ཕྱི་ནང་མཉམ་འགུལ་དང་ཤར་ནུབ་ཕྱོགས་གཉིས་ཕན་ཚུན་རོགས་རེས་བྱེད་པའི་ཕྱོགས་ཡོངས་ཀྱི་སྒོ་འབྱེད་རྣམ་པ་མགྱོགས་མྱུར་ངང་གྲུབ་པར་བྱེད་པ། ཉོ་ཚོང་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཕྱི་ཕྱོགས་ཉོ་ཚོང་གི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་བ། ཕྱིར་གཏོང་ནང་འདྲེན་དོ་མཉམ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། ཕྱི་རྒྱལ་གྱི་ཚོང་པའི་དངུལ་གཏོང་གི་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་སྟེ་ཕྱི་རྒྱལ་གྱི་མ་དངུལ་འགུག་པའི་དགེ་མཚན་གསར་པ་བསྐྲུན་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ། རྨང་གཞིའི་སྒྲིག་བཀོད་དང་སྒྲིག་སྲོལ་གྱི་ཚད་གཞི་ཟབ་སྤེལ་བྱེད་པ་དང་། རྒྱལ་ཁབ་ཀྱི་མི་དམངས་བར་དུ་འབྲེལ་བ་ལེགས་པོ་བཅས་འཛུགས་དགོས། ད་ལོ་ནས་བཟུང་རང་རྒྱལ་དང་འཛམ་གླིང་རྒྱལ་ཁབ་སོ་སོའི་བར་གྱི་ཉོ་ཚོང་འགྲོ་འོང་རྒྱུན་མཐུད་ངང་རྒྱ་བསྐྱེད་པ་དང་། ཟླ་དང་པོ་ནས་གཉིས་པའི་བར། རང་རྒྱལ་གྱིས་ཡ་གླིང་ཤར་ལྷོའི་མནའ་འབྲེལ་དང་ཡོ་རོབ་མནའ་འབྲེལ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚདསོ་སོར20.3%དང19.9%འཕར་ནས།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དང་ས་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད20%འཕར། ཕྱི་ཕྱོགས་ཉོ་ཚོང་གི་འཕར་གཞི་གསར་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། ལག་རྩལ་མཐོ་བའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་བརྒྱ་ཆའི24.2འཕར། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་བྱེད་ཐབས་རབ་དང་རིམ་པ་མགྱོགས་མྱུར་ངང་བརྟན་རླིང་བྱུང་། ཟླ1པའི་ཚེས1ཉིན་ནས་བཟུང་།  ཚོང་ཟོག་ཁག་ཅིག་གི་ནང་འདྲེན་སྒོ་ཁྲལ་གྱི་ཁྲལ་ཚད་དང་རྣམ་གྲངས་ལེགས་སྒྲིག་བྱས་ཏེ། ཚོང་ཟོག་ཁག935ལ་གཟིགས་སྐྱོང་ཆེ་ཤོས་བྱེད་པའི་རྒྱལ་ཁབ་ཀྱི་ཁྲལ་ཚད་ལས་དམའ་བའི་ནང་འདྲེན་གནས་སྐབས་གཏན་འཁེལ་གྱི་ཁྲལ་ཚད་ཁ་གསལ་བཟོས་པ་དང་། ཟླ5པའི་ཚེས1ཉིན་ཨ་ཧྥེ་རི་ཁའི་དཔྱ་ཁྲལ་རྣམ་གྲངས100%ཡི་ཐོན་རྫས་ལ་སྒོ་ཁྲལ་མི་དགོས་པ་ཁྱོན་ཡོངས་ནས་ལག་བསྟར་བྱས། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་གཏོང་བར་བསྔགས་སྐུལ་བྱེད་པའི་ཐོན་ལས་དཀར་ཆག་པར་གཞི་གསར་པ་ཁྱོན་ཡོངས་ནས་ལག་བསྟར་དང་། ཕྱི་དངུལ་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་ལ་གཏོང་བར་ཁྲིད་སྟོན་བྱས། ཕྱི་དངུལ་ཁེ་ལས་འདིས་ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ལས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཐོང་ལ། ཐེན་ཅིན་དུ་དངུལ་གཏོང་ལེགས་གྲུབ་བྱུང་རྗེས། ཧྲང་ཧའེ་རུ་ཐོན་སྐྱེད་རྟེན་གཞི་བསྐྲུན་ནས་ཀྲུང་གོར་མུ་མཐུད་དུ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས།

ཧི་ལི་ཨང་དབུ་བཞུགས་ལག་བསྟར་དཔོན་མའེ་པོ་རུའེ་ཡིས་བཤད་རྒྱུར། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱིས་ང་ཚོར་གོ་སྐབས་ཀྱི་སྒོ་མོ་ཕྱེས་པ་དང་། འཆར་འགོད་ནང་བཏོན་པའི་གསར་གཏོད་འཕེལ་རྒྱས་སོགས་ཀྱི་ཁ་ཕྱོགས་དེ་དག་ང་ཚོའི་འཕེལ་རྒྱས་འཐབ་ཇུས་ཀྱི་མཐོ་ཚད་དང་མཐུན། ཀྲུང་གོར་ད་དུང་འཐུས་སྒོ་ཚང་བའི་ཐོན་ལས་ཆ་འགྲིག་དང་། རྒྱུན་ཆད་མེད་པར་ལེགས་སྒྱུར་བྱེད་པའི་ཚོང་གཉེར་ཁོར་ཡུག་དང་དེ་མིན་འཛད་སྤྱོད་ཀྱི་ཁྱུ་ཚོགས་ཆེན་པོ་འཛོམས་ལ།  ཚོང་རའི་གཏིང་ཤུགས་ཆེན་པོ་ལྡན་པས་ང་ཚོས་ཀྲུང་གོར་མ་དངུལ་གཏོང་བར་ཡིད་ཆེས་ཀྱིས་ཁེངས་ཡོད།

ད་ལོར། རང་རྒྱལ་གྱིས་གཞི་ཁྱོན་སྔར་ལས་ཆེ་བ་དང་ཁྱབ་ཁོངས་སྔར་ལས་ཡངས་པ། རིམ་པ་སྔར་ལས་ཟབ་པ་བཅས་ཀྱི་སྒོ་འབྱེད་ལག་བསྟར་ཤུགས་ཆེན་བྱ་རྒྱུ་ཡིན། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རང་མོས་ཉོ་ཚོང་ཁུལ་གྱི་པར་གཞི3.0ཅན་དོན་ཐོག་ཏུ་འཁྱོལ་བ་དང་། རང་མོས་ཉོ་འཚོང་ཚོད་ལྟ་ཁུལ་གྱི་རིམ་སྤར་འཐབ་ཇུས་ལག་བསྟར་བྱེད་པར་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་སྟེ། ཤུགས་ཚད་སྔར་ལས་ཆེ་བའི་ལམ་ལུགས་ཅན་གྱི་སྒོ་འབྱེད་ཚོད་ལྟ་སྤེལ་བ་དང་། ཚད་གཞི་མཐོ་བའི་སྒོ་ནས་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་བསྐྲུན་དགོས། འཛད་སྤྱོད་ཐོན་རྫས་འགྲེམ་ཚོགས་དང་། ཞབས་ཞུ་ཚོང་དོན་ཉོ་ཚོང་ཚོགས་འདུ། ནང་འདྲེན་འགྲེམ་ཚོགས་སོགས་སྒོ་འབྱེད་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་མུ་མཐུད་ནས་ལེགས་པོ་སྤེལ་ཏེ། སྔར་བས་ཡིད་ཆེས་དང་དཀྱེད་ཡངས་ཀྱི་ཉམས་འགྱུར་གྱིས་འཛམ་གླིང་ལ་དོ་ཁུར་བྱ་རྒྱུ་ཡིན།

མེ་སའེ་ཏེ་སི་པིན་ཁྲེ་སྡེ་ཚོགས་མ་རྐང་ཀུང་སིའི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁང་ལིན་སུང་གིས་བཤད་རྒྱུར།

འདས་ཟིན་པའི་ལོ་ངོ་བཅུ་ཕྲག་འགའི་འཕེལ་རིམ་ལ་ཕྱིར་མིག་བལྟས་ཚེ། ཀྲུང་གོ་ནི་འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གཙོ་བོ་ཡིན་པ་ནི་སྨོས་མ་དགོས་པ་ཞིག་རེད། ད་ལོར་གཏན་འཁེལ་བྱས་པའི་དམིགས་འབེན་ཡང4.5%ནས5%བར་སྲུང་འཛིན་བྱས་ཡོད།  འདི་ནི་འཛམ་གླིང་གཏན་འཁེལ་རང་བཞིན་གྱི་ཡོང་ཁུངས་གལ་ཆེན་ཡིན་པ་མ་ཟད། དེ་དང་ཆབས་ཅིག  ང་ཚོར་དེའི་ཁྲོད་ཞུགས་པའི་གོ་སྐབས་ཀྱང་མཁོ་འདོན་བྱས།

ཆོའེ་ཁྲའོ་སྡེ་ཚོགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་ཧྥེ་ནའེ་རུའེ་ཡིས་བཤད་རྒྱུར།

ཀྲུང་གོ་ནི་འཛད་སྤྱོད་ཚོངཁྲོམ་ར་ཧ་ཅང་ཆེན་པོ་ཞིག་ཡིན་པ་གདོན་མི་ཟ། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྒྱུན་བསྐྱངས་བ་དང་རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། དེ་ཡིས་ང་ཚོར་ཀྲུང་གོའི་དཔལ་འབྱོར་གྱི་འཕར་སྣོན་བག་ཤུགས་མཐོང་དུ་བཅུག  མ་འོངས་པར་ང་ཚོས་འཇོན་མི་དང་ཐོན་ལས་གཉིས་ཀར་མ་དངུལ་འཇོག་པར་དམིགས་ནས། ཀྲུང་གོ་དང་མཉམ་དུ་སྤུས་ཚད་མཐོ་བའི་འཕར་སྣོན་གསར་སྐྲུན་བྱ་རྒྱུ་ཡིན། 

ལི་ལའེ་ཀུང་སིའི་རྐང་གཉེར་དབུ་གཙོ་དང་དབུ་བཞུགས་ལག་བསྟར་དཔོན་གྱི་འགན་གཅིག་ལྕོགས་སུ་འཁུར་མཁན་ཏའེ་ཝུན་རུའ་ཡིས་བཤད་རྒྱུར།

ང་ཚོ་ཀྲུང་གོའི་ཁྲོམ་རའི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། ང་ཚོ་ཀྲུང་གོ་རུ་མགྱོགས་མྱུར་ངང་འཕར་བཞིན་ཡོད། ན་ནིང་ང་ཚོ་་ལས་རིགས་ནང་ཁུལ་གྱི་འཕར་ཚད་ཆེས་མགྱོགས་པའི་ཁེ་ལས་ཀྱི་གྲས་ཤིག་ཡིན་པ་གདོན་མི་ཟ། ད་ལོ་ཡང་འཕེལ་ཕྱོགས་འདི་རྒྱུན་སྐྱོང་རྒྱུ་ཡིན། ང་ཚོས་ཡོད་ཚད་ལ་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་པ་དང་། ལོ་ལྔའི་རྗེས་སུ། འདི་རུ་རེ་བ་ཆེན་པོ་ཡོད་སྲིད།

ཀྲ་ཏ་སྡེ་ཚོགས་ཀྱི་སྲིད་འཛིན་སྤྱི་འདོམས་ཝུན་ཐོ་སི་ཡིས་བཤད་རྒྱུར།

ཀྲུང་གོས་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཐད་བཞག་པའི་བྱས་རྗེས་བསྟུད་མར་ལོ་མང་པོར་ཨང་དང་པོ་ཡིན།  ཀྲུང་གོའི་དཔལ་འབྱོར་གྱི་གཞི་ཁྱོན་ཆེ་ཞིང་རྒྱུན་མཐུད་ངང་འཕར་བར་གཞིགས་ན་རྣམ་པ་འདི་མུ་མཐུད་ནས་རྒྱུན་སྐྱོང་ཐུབ་རྒྱུ་ཡིན་པ་དང་། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་དཔལ་འབྱོར་སྒྲིག་ལམ་ཁྲོད་གཏན་འཇགས་དང་རྒྱུན་མཐུད་ངང་ཞུགས་མཁན་ཡིན། གཏན་འཇགས་རང་བཞིན་དང་རྒྱུན་མཐུད་རང་བཞིན་འདི་རིགས་ཀྱིས་ཁྲོམ་རར་ཡིད་ཆེས་བསྩལ་ནས། འཛམ་གླིང་གི་ཚོང་དོན་མ་ལག་གི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ།

མགོ་རྩོམ་པའི་ལོ་ལ། ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རང་ངོས་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ལ་ཕན་ཐོགས་པའི་ཀྲུང་གོ་ཡིས་འཛམ་གླིང་གི་རྒྱལ་ཁབ་སོ་སོར་གོ་སྐབས་སྔར་བས་མང་བོ་གཏོད་ངེས་ཤིང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བཏོད་པར་སྔར་ལས་ལྷག་པའི་བྱས་རྗེས་འཇོག་སྲིད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།