མཚོ་སྔོན་གྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་ནགས་རྩྭའི་བྱ་བར་བཀོད་སྒྲིག་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ3པའི་ཚེས20ཉིན། 2026ལོའི་ཞིང་ཆེན་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་བྱ་བའི་གྲོས་ཚོགས་བསྡུས་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་བསམ་ཕྱོགས་དམིགས་འབེན་ལ་མ་ལག་ལྡན་པའི་སྒོ་ནས་འཆར་འགོད་བྱས་ཏེ། 2026ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས།

མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་འཐབ་ཇུས་ཀྱི་དམིགས་འབེན་ལ་དམ་པོར་དམིགས་ཏེ། སྤུས་འདེགས་ལས་དར་དམངས་ཕན་གྱི་གཙོ་རྒོལ་དམིགས་འབེན་དམ་འཛིན་ནན་མོ་བྱས་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་སུ་སྔ་ཕྱིར་ཀྲུང་དབྱང་གི་དངུལ་གཏོང་དངོས་འབེབས་བྱས་པ་དེ་ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་དུས་དང་བསྡུར་ན་བརྒྱ་ཆའི་ཞེ་དྲུག་དང་གྲངས་ཆུང་དྲུག་འཕར་ཡོད་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་དངོས་སུ་སྤྱི་གླིང་བསྐྲུན་པ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་འོས་འདེམ་ཁུལ་གྱི་སྤྱི་གླིང་བསྐྲུན་པ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་འོས་འདེམ་ཁུལ་བསྐྲུན་པ་བཅས་ཀྱི་བྱ་བར་ཏན་ཏིག་གིས་སྐུལ་འདེད་བཏང་ཞིང་། ཞིང་ཆེན་ཡོངས་སུ་རྒྱལ་ཁབ་རིམ་པའི་བརླན་ས་གཙོ་བོ་ལྔ་དང་རྒྱལ་སྤྱིའི་བརླན་ས་གཙོ་བོ་གཅིག འཛམ་གླིང་གི་ས་གཤིས་སྤྱི་གླིང་གཅིག་བཅས་གསར་དུ་ཁ་སྣོན་བྱས་ཡོད། གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་སྒྱུར་གྱི་ལོ་གསུམ་འགུལ་སྐྱོད་བསྟུད་མར་སྤེལ་བ་དང་། ཕྱོགས་ཡོངས་ནས་བྱང་གསུམ་བཟོ་སྐྲུན་གྱི་འགག་སྒྲོལ་བྱ་བ་སྒྲུབ་སྟེ། བསྡོམས་པས་རྒྱལ་ཁོངས་ལྗང་སྒྱུར་ཚད་ས་མུའུ་སྟོང་གཉིས་དང་བརྒྱད་བརྒྱ་བཅུ་གསུམ་དང་། བྱེ་འགོག་བྱེ་བཅོས་ཚད་ས་མུའུ་བདུན་བརྒྱ་གྱ་ལྔ་དང་གྲངས་ཆུང་བརྒྱད། འོས་འགན་སྡོང་འཛུགས་ཚད་སྡོང་རྐང་བྱེ་བ་བརྒྱད་དང་ས་ཡ་དགུ་འབུམ་གཉིས་བཅས་ལེགས་འགྲུབ་བྱུང་ཡོད།  ཐོན་ཁུངས་སྲུང་སྐྱོབ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་སྡོད་གནས་ཁོར་ཡུག་མངོན་གསལ་གྱི་ཇེ་ལེགས་སུ་ཕྱིན་ལ། གསའ་དང་གཙོད་སོགས་རིགས་དཀོན་པའི་སྲོག་ཆགས་ཀྱི་ཁ་གྲངས་རིམ་གྱིས་ཇེ་མང་དུ་སོང་ཡོད། དེ་དང་མཉམ་དུ། སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་སྲིད་ཇུས་དངོས་འབེབས་ནན་མོ་བྱས་པ་དང་། སྐྱེ་ཁམས་དོ་སྲུང་གི་སྤྱི་ཕན་ལས་གནས་ཁྲི་བརྒྱད་དང་སྟོང་དགུ་ལྷག་བཀོད་སྒྲིག་བྱས།

ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དམིགས་འབེན་ལས་འགན་སྣ་ཚོགས་ལ་དམིགས་ནས། མཚོ་སྔོན་གྱིས་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་གི་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ་དང་། བྱང་གསུམ་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱས་ཏེ། རྒྱལ་ཁོངས་ལྗང་སྒྱུར་ཚད་ས་མུའུ་བྱེ་བ་གཉིས་དང་ས་ཡ་གཉིས་འབུམ་ལྔ་དང་། བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་ལས་འགན་ས་མུའུ་བྱེ་བ་གཉིས་དང་ས་ཡ་བཞི་འབུམ་དགུ་ཡོངས་འགྲུབ་བྱ་རྒྱུ་རེད། ཕྱོགས་ཡོངས་ནས་རང་བྱུང་སྲུང་སྐྱོབ་ཁུལ་དག་སྒྲིག་ལེགས་སྒྱུར་ཡོངས་འགྲུབ་བྱས་པ་དང་། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས། བརླན་ས་བཅས་ཀྱི་སྲུང་སྐྱོབ་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ཞིང་། བརླན་ས་སྲུང་སྐྱོབ་དང་སླར་གསོ་ལ་ཤུགས་བསྣན་ནས། བརླན་སའི་རྒྱ་ཁྱོན་རྩ་བའི་ཆ་ནས་གཏན་འཇགས་ཡོང་བར་བྱས། ཕྱོགས་ཡོངས་ནས་ནགས་རྩྭའི་གནོད་འཚེ་འགོག་ཟོན་ནུས་པ་མཐོར་འདེགས་བཏང་བ་དང་། ལོ་ཧྲིལ་བོར་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་འབྱུང་ཚད་དང་ནགས་ལས་དང་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་ཀྱིས་གནོད་པ་ཐེབས་ཚད་ཚང་མ་ནུས་ལྡན་གྱིས་ཚོད་འཛིན་བྱས། ནུས་ཤུགས་ཡོད་རྒུས་ནགས་རྩྭའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ་དང་། ཤར་ཕྱོགས་ཀྱི་གླ་ཚེར་དང་ནུབ་ཕྱོགས་ཀྱི་སྨན་རྩྭ། ལྷོ་ཕྱོགས་ཀྱི་བོད་ཇ། རྨ་ཙོང་གི་ཤིང་འབྲས་བཅས་ཐོན་ལས་ཀྱི་སྤུས་འདེགས་ནུས་འཕར་ལ་སྐུལ་འདེད་བཏང་། སྔོན་དཔག་བྱས་ན། 2030ལོའི་བར།   སྙིང་གསུམ་སྣེ་ཁྲིད་དང་སྙིང་ཚོམས་གཞི་གཅིག མཉམ་སྐྲུན་འབྲེལ་སྲུང་བཅས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁོངས་ལྗང་སྒྱུར་ཅན་དེ་འཕེལ་རིམ་གསར་བར་སླེབས་པར་སྐུལ་འདེད་གཏོང་བ་དང་། མཐོ་སྒང་གི་ཁྱད་ལྡན་ནགས་རྩྭའི་ཐོན་ལས་བསྟུད་མར་ཇེ་ཆེར་བཏང་ནས། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་བརྟན་པོའི་ངང་རྒྱ་བསྐྱེད་རྒྱུ་རེད། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།