གསལ་འདེབས་གལ་ཆེན། བུད་མེད་ཅིག་གིས84དུག་སེལ་མང་དུ་སྤྱད་པས་གློ་ཚད་ཕོག

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

84དུག་སེལ་ནི་ཁྱིམ་ཚང་གང་མང་མང་ཞིག་གི་རྒྱུན་སྤྱོད་ཀྱི་དུག་སེལ་ཐོན་རྫས་ཤིག་ཡིན་མོད།  གལ་ཏེ་བཀོལ་སྤྱོད་བྱེད་མ་ཤེས་པའམ་ཡང་ནས་ཚད་ལས་བརྒལ་ན་ཕན་པ་ལས་གནོད་པ་ཆེ་ལ། ཚབས་ཆེ་ན་ད་དུང་དུག་ཡང་ཕོག་སྲིད།

ཉེ་སྔོན།  ཅང་སུའུ་ཧུའེ་ཨན(淮安)གྱི་ལོ35ཅན་གྱི་བུད་མེད་ཅིག་གིས་རང་གི་བྱིས་པའི་བདེ་ཐང་ལ་འགན་ལེན་བྱ་ཆེད།  ཉིན་རེར84དུག་སེལ་སྤྱད་དེ་ཐང་ཕྱིས་པ་དང་། ཁྱིམ་ཆས་གད་བདར་སོགས་བྱས་ནས་ཟླ་བ་གཅིག་རིང་ལ་རྒྱུན་བསྐྱངས་རྗེས། མོ་ལ་དབུགས་འཚང་ཞིང་དབུགས་འབྱིན་རྔུབ་དཀའ་བ་ལ་སོགས་ཀྱི་ནད་རྟགས་བྱུང་ནས་སྨན་ལ་བསྟེན་ཡང་དྲག་བསྐྱེད་མ་བྱུང་བས་སྨན་ཁང་དུ་ཕྱིན།

བརྟག་དཔྱད་བརྒྱུད། མོ་ལ“མྱུར་གཤིས་སྐྱུར་ཞེན་རང་བཞིན་གྱི་རྡོག་རིལ་ཕྲ་ཕུང་གློ་ཚད”ཅེས་པའི་མཐོང་དཀོན་པའི་ནད་ཕོག་ཡོད་པ་དང་། ནད་དེ་བསྐྱེད་གཞི་དུས་རྒྱུན84དུག་སེལ་མང་དུ་སྤྱད་པ་ལ་རག་ལས་ཡོད་ལ། ད་ལྟ་ནད་བཅོས་བརྒྱུད་ནད་གཞི་ཇེ་ལེགས་སུ་ཕྱིན་ཡོད་པ་རེད།

84དུག་སེལ་མང་དུ་སྤྱད་ན་གློ་ཚད་ཇི་ལྟར་ཕོག་པ་དང་།  བེད་སྤྱོད་ཇི་ལྟར་བྱས་ན་ཡང་དག་ཡིན་ཞེ་ན།  ང་ཚོས་མཉམ་དུ་རྒྱུས་ལོན་ཞིག་བྱ།

གཅིག 84དུག་སེལ་གཤེར་ཁུ་ལ་ཧ་ཅང་ཁ་བའི་དྲི་མ་ལྡན། 

84དུག་སེལ་གྱི་གྲུབ་ཆ་གཙོ་བོ་ནི་ཚི་ལུ་སྐྱུར་ནཱ་ཡིན།  དེའི་དྲི་མ་དང་གཤེར་ཁུ་སྐྱུར་རྫས་ལ་སོགས་ཀྱི་སྐྱེ་ལྡན་དངོས་པོ་ལ་འཕྲད་དུས།   ཁིལ་རླུང་ལ་སོགས་རླུང་གཟུགས་དྲི་མ་ཁ་བོ་ཅན་འབྱུང་སྲིད། གལ་ཏེ་གཤེར་ཁུ་ཉུང་ཙམ་བསྲེས་ནས་དྲི་མ་ལན་རེར་སྣ་ལམ་དུ་རྒྱག་དུས།   མིད་པ་སྐམ་འཁྲུག་དང་།  ལུད་པ།   མིག་མི་བདེ་བ།   སྐྱི་པགས་ཚ་ཞིང་ཟ་འཁྲུག་ལངས་པའི་གནས་ཚུལ་འབྱུང་སྲིད་ན་ཡང་།   སྤྱོད་མཚམས་བཞག་རྗེས་མི་བདེ་བའི་རྟགས་ཚང་མ་མེད་པར་འགྲོ་ངེས།  

གལ་ཏེ་དུས་ཡུན་རིང་བོར་སྒོ་དང་དྲ་མ་སོགས་བརྒྱབ་པའི་ཁང་པར84མང་པོ་བསྲེས་ནས་དུག་སེལ་བྱས་ན།   ཁིལ་རླུང་དབུགས་ལམ་དང་གློ་བར་བསིམ་ནས་རྫས་འགྱུར་རང་བཞིན་གྱི་གློ་ཡུ་ཡན་ལག་གཉན་ཚད་དང་མཐོང་དཀོན་པའི་གློ་ཚད་ཕོག་སྲིད་པ་མ་ཟད།  ཐ་ན་དབུགས་ཀྱི་འབྱིན་རྔུབ་ཀྱི་ནུས་པ་ཉམས་པ་ལ་སོགས་པའི་ནད་གཞི་ལྕི་མོ་རིགས་ཀྱང་བསྐྱེད་སྲིད།

གཉིས། 84དུག་སེལ་བཀོལ་སྤྱོད་བྱེད་སྟངས་ནོར་འཁྲུལ། 

■བཀོལ་སྤྱོད་ཚད་ལས་བརྒལ་བ། མི་མང་པོ་ཞིག་གིས་དུལ་སེལ་གཤེར་ཁུ་ཇི་ལྟར་བསྲེས་པ་མང་ན་ཕན་ནུས་ཀྱང་དེ་ལྟར་ལེགས་སྙམ་པའི་འོལ་ཚོད་ཀྱི་བློ་ཡོད་པ་རེད།  དོན་དངོས་དེ་ལྟ་མ་ཡིན་ཏེ།  ཐོན་རྫས་ཀྱི་གསལ་བྱེད་སྟེང་འོས་སྦྱོར་བྱས་པའི་བསྲེས་ཚད་ལས་བརྒལ་ན་དུག་སེལ་གྱི་ཕན་ནུས་ཆེ་བ་ཕར་ཞོག  གཤེར་ཁུའི་སྙིགས་རོས་ལུས་པོའི་བདེ་ཐང་ལ་གནོད་པ་ཚབས་ཆེན་ཐེབས་ངེས་རེད། ■སྒོ་དང་དྲ་མ་བརྒྱབ་ནས་དུལ་སེལ་བྱེད་པ།   84དུག་སེལ་བཀོལ་སྤྱོད་ཀྱི་གོ་རིམ་ཁྲོད་དུ་ཁང་པར་རླུང་རྒྱུ་རུ་འཇུག་དགོས།  གལ་ཏེ་དུག་སེལ་བྱས་ཚར་རྗེས་སྒོ་དང་དྲ་མ་བརྒྱབ་ནས་ཁིལ་རླུང་ཁང་པར་འཁྱིལ་བཅུག་ན་མིའི་བདེ་ཐང་ལ་གནོད་པ་ཐེབས་ངེས། 

■ཁང་པར་ཐེངས་མང་ལ་དུལ་སེལ་བྱེད་པ།  རྒྱུན་ལྡན་གྱི་ཁྱིམ་ཚང་ཞིག་ཡིན། “དུག་སེལ་མང་པོ”བྱེད་མི་དགོས།   དུག་སེལ་མང་པོ་བྱས་ན་དུག་ཕོག་པ་དང་ཡང་ན་ཚོར་ལོག་ཐེབས་པའི་ཉེན་ཁ་ཆེ་རུ་འགྲོ་བ་ཡིན།  ཆམ་པ་ཕོག་པའི་ནད་པའི་དངོས་རྫས་དང་ཡང་ན་ཁྱིམ་གསོའི་ཁྱི་དང་བྱི་ལ་ལ་སོགས་པའི་རྟུག་པ།     མྱུར་སྐྱེལ་གྱི་ཕྱི་ཐུམ་ལ་སོགས་སུ་དུལ་སེལ་བྱེད་དགོས་ལ། དེ་ཡང་ཉུང་ཙམ་ལས་མང་པོ་གཏོར་མི་དགོས།

■ཐོན་རྫས་གཞན་དག་དང་བསྲེས་ནས་སྤྱོད་པ། མི་མི་ཉུང་བ་ཞིག་གིས་བསམ་པར་དག་གཙང་གཤེར་ཁུ(清洁剂)ལ་བྱེད་ནུས་མི་འདྲ་བ་མང་པོ་ཡོད་པས།  84དང་བསྲེས་ནས་སྤྱད་ན་ཕན་ནུས་དེ་ལས་ལྷག་པར་འདོད།  དོན་དམ་དེ་ནི་གོ་འཛོལ་ཆེན་པོ་ཞིག་ཡིན་ཏེ། 84དང་དག་གཙང་རྫས་གཉིས་བསྲེས་ན་དུག་ལྡན་མཁའ་རླུང་དུ་འགྱུར་སྲིད། 

 84དང་གསང་སྤྱོད་དག་གཙང་གཤེར་ཁུ(洁厕灵)དང་བསྲེས་སྤྱོད་བྱས་ན་ཁིལ་རླུང་གི་དུག་བསྐྱེད་དེ་དུག་ཕོག་སྲིད་ཅིང་། ཡང་བ་མགོ་ཡུ་འཁོར་བ་དང་། ལྕི་བ་ཚེ་སྲོག་ལ་གནོད་སྲིད། 

 84དུག་སེལ་དང་གོས་ཁྲུད་གཤེར་ཁུ་གཉིས་བསྲེས་སྤྱོད་བྱས་ན་གཙང་འཁྲུའི་བྱེད་ནུས་ཉམས་པར་མ་ཟད།  དུག་རྫས་བསྐྱེད་པའི་ཉེན་ཁ་ཡང་ཡོད། 

 84དུག་སེལ་གཤེར་ཁུ་དང་ཆང་བཅུད(酒精)གཉིས་བསྲེས་ན་ཁིལ་རླུང་བསྐྱེད་པ་མ་ཟད།  ད་དུང་ཁིལ་གསུམ་ཅཱ་ཝན(三氯甲烷)ལ་སོགས་དུག་རྫས་བསྐྱེད་ངེས། 

■ལག་འབོབ་མ་གྱོན་པར་བཀོལ་སྤྱོད་བྱེད་པ། 

84དུག་སེལ་གཤེར་ཁུ་ཡིས་དབུགས་ལམ་ཀྱི་འབྱར་སྐྱི་དང་སྐྱི་པགས་བཅས་ལ་ཕོག་ཐུག་བཟོ་ངེས།   དེ་བཀོལ་སྤྱོད་བྱེད་སྐབས་ཁ་ཐུམ་རྒྱག་དགོས་པ་མ་ཟད། ལག་འབོབ་ཀྱང་གྱོན་དགོས། གལ་ཏེ་མིག་ནང་དུ་འཆོལ་ཚེ། ལམ་སེང་ཆུ་གཙང་མས་གཙང་ཁྲུད་བྱེད་པ་དང་སྦྲགས་སྨན་པར་བསྟན་དགོས།

གསུམ། 84དུག་སེལ་གྱི་སྤྱོད་སྟངས་ཡང་དག

 84དུག་སེལ་ནང་གི་ཁིལ་སྤྱིར་བཏང1.1%~1.3%འདུ་ཞིང་།  དེ་སྤྱིར་བཏང་གི་དངོས་པོའི་ཕྱི་ངོས་ཀྱི་དུག་སེལ་ལ་བཀོལ་སྤྱོད་བྱེད་པ་ཡིན་ལ།  བཀོལ་སྤྱོད་བྱེད་དུས་ཆུ་འཁྱགས་ཀྱི་ནང་དུ་བསྲེས་རྗེས་ད་གཟོད་བཀོལ་ཆོག་པ་ཡིན། (84དུག་སེལ་མི་འདྲ་བའི་ནང་གི་ལུ་འདུས་ཚད་མི་འདྲ་བས།   ཆུ་ནང་བསྲེས་དུས་ཐོན་རྫས་ཀྱི་གསལ་བཤད་ཚད་གཞིར་བཟུང་ནས་བསྲེས་དགོས། )

■ ཁོར་ཡུག་དུག་སེལ།

གསང་སྤྱོད་ཁང་གི་ས་ངོས་དང་། ཆུ་སྦུག་ལ་སོགས་སུ་དུག་སེལ་བྱེད་སྐབས། དུག་སེལ་གཤེར་ཁུ་ཧའོ་ཧྲེན(毫升)གཅིག་ཆུ་འཁྱགས་ཧའོ་ཧྲེན30ནང་བསྡེབས་ཏེ།  སྐར་མ20རིང་ལ་སྦངས་རྗེས།  རས་ཕྱིས་དང་འདྲུད་ཕྱིས་ཀྱིས་གཙང་ཕྱིད་བྱེད་དགོས།■ དཀར་ཡོལ་ལ་སོགས་ཀྱི་དུག་སེལ། 

དུག་སེལ་གཤེར་ཁུ་ཧའོ་ཧྲེན1 ཆུ་གཙང་མ་ཧའོ་ཁྲེང10ནང་བསྡེབས་རྗེས།   དུག་སེལ་བྱ་ཡུལ་དཀར་ཡོལ་ལ་སོགས་ཟས་སྤྱོད་ཡོ་ཆས་སྐར་མ20རིང་ལ་སྦངས་རྗེས། ཆུ་གཙང་མས་གཙང་བཤལ་བྱེད་དགོས།

■ བཀོལ་སྤྱོད་བྱས་རྗེས་སུ་ཡིད་འཇོག་བྱ་དགོས་པ་འགའ།

དངོས་པོའི་ཕྱི་ངོས་དང་ས་ངོས་སུ་དུག་སེལ་བྱས་རྗེས།  ཆུ་གཙང་མ་དང་རས་ཕྱིས་ཀྱིས་གཙང་ཁྲུད་དང་གཙང་ཕྱིས་ཐེངས་གཅིག་ནས་གཉིས་ལ་བྱེད་དགོས།
  ཟས་སྤྱོད་ཡོ་ཆས་དང་སིལ་ཏོག་སྔོ་ཚལ་རིགས་དུག་སེལ་བྱས་རྗེས།  ངེས་པར་དུ་ཆུ་གཙང་མར་བཤལ་ཁྲུད་ཡང་ཡང་བྱེད་དགོས།  གཙང་ཁྲུད་མ་བྱས་ཚེ་ལྷག་མར་ལུས་པའི་སྙིགས་རོས་མིའི་ལུས་ཕུང་ལ་གནོད་པ་ཐེབས་སྲིད།
  84དུག་སེལ་བཀོལ་རྗེས་སུ་ཉི་འོད་དང་མེ་དྲོད་ལ་སོགས་མི་ཕོག་ས་དང་།  བརླན་མི་འཛིན་སའི་སྲིབ་འཁྱགས་སུ་ཉར་འཇོག་བྱེད་དགོས་པ་དང་།  འབར་སླ་བའི་མེ་ལ་སོགས་ཀྱི་ཉེ་སར་འཇོག་མི་རུང་། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།