དངུལ་བུན་གན་རྒྱ་འཇོག་སྐབས་ལོ་རེའི་སྐྱེད་ཀ6%སྤྲོད་དགོས་པ་ལས་གཞན་ད་དུང་ཁག་ཐེག་གྲོན་དངུལ་དང་ཞབས་ཞུའི་གྲོན་དངུལ། བློ་འདྲིའི་གྲོན་དངུལ་སོགས་བསྡུ་བཞིན་ཡོད་པས། ཚུལ་དེ་ཁྱེད་ཀྱིས་ཤེས་སམ།
དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་དང་ཀྲུང་གོ་མི་དམངས་དངུལ་ཁང་གིས་ཟླ3པའི་ཚེས15ཉིན《མི་སྒེར་གྱི་དངུལ་བུན་ལས་སྒོའི་ཕྱོགས་བསྡུས་མ་དངུལ་བསྡུ་རུབ་ཀྱི་མ་རྩ་གསལ་སྟོན་གཏན་འབེབས》ཁྱབ་བསྒྲགས་བྱས་ཤིང་། དངུལ་བུན་གཏོང་མཁན་གྱིས་དངུལ་བུན་ལེན་མཁན་ལ་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་རྩའི་གསལ་སྟོན་རེའུ་མིགདང་། མི་སྒེར་གྱི་དངུལ་བུན་གྱི་སྐྱེད་ཀའི་མ་རྩ་སྐོར་གསལ་བོར་བརྗོད་དེ། དངུལ་བུན་གྱི་སྐྱེད་དངུལ་ཁ་གསལ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
མི་སྒེར་གྱི་དངུལ་བུན་ལས་སྒོའི་ཁྲོད་དངུལ་བུན་ལེན་མཁན་གྱིས་དངོས་སུ་འཁུར་བའི་མ་དངུལ་བསྡུ་སྒྲིལ་གྱི་མ་རྩ་ཡང་དག་དང་ཆ་ཚང་མཚོན་ཆེད། མི་སྒེར་གྱི་དངུལ་བུན་དང་འབྲེལ་བ་ཡོད་པའི་མ་རྩ་ཚང་མ་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་རྩ་ནང་འཇུག་རྒྱུའི་གཏན་འབེབས་བྱས་ཡོད། དེའི་ནང་རྒྱུན་ལྡན་གྱི་གན་རྒྱ་ལག་བསྟར་བྱེད་པའི་གནས་ཚུལ་འོག དངུལ་བུན་ལེན་མཁན་གྱིས་སྤྲོད་དགོས་པའི་དངུལ་བུན་གྱི་སྐྱེད་ཀ་དང་། དུས་བགོས་གྲོན་དངུལ། ཡིད་རྟོན་འཕར་སྣོན་ཞབས་ཞུའི་གྲོན་དངུལ་སོགས་མ་དངུལ་བསྡུ་སྒྲིལ་གྱི་མ་རྩ་དང་། དེ་བཞིན་གན་རྒྱ་དང་འགལ་བའི་གནས་ཚུལ་འོག་སྤྲོད་དགོས་པའི་དུས་ཡོལ་ཆད་གཅོད་སྐྱེད་ཀ་སོགས་ཀྱི་མ་རྩ་ཚང་མ་ཚུད་ཡོད།
གཏན་འབེབས་ནང་དངུལ་ཁང་དང་འཛད་སྤྱོད་དངུལ་རྩ་ཀུང་སི། རླངས་འཁོར་དངུལ་རྩ་ཀུང་སི། ཡིད་རྟོན་མངག་བཅོལ་ཀུང་སི། དངུལ་བུན་ཆུང་གྲས་ཀུང་སི་སོགས་དངུལ་བུན་གཏོང་མཁན་ལས་ཁུངས་རིགས་མི་འདྲ་བ་ནས་དངུལ་བུན་ལེན་ཆོག་པ་བྱས་ནས་དངུལ་བུན་ལས་ཁུངས་ཡོངས་ལ་ཁྱབ་པར་མཐའ་འཁྱོངས་བྱ་རྒྱུ་བཏོན།
དུས་མཚུངས་སུ་གསལ་བཤད་བྱས་པའི་མ་རྩའི་རྣམ་གྲངས་ལས་གཞན། དངུལ་བུན་གཏོང་མཁན་དང་མཉམ་ལས་ལས་ཁུངས་ཀྱིས་དངུལ་བུན་ལེན་མཁན་ལ་དངུལ་བུན་དང་འབྲེལ་བ་ཡོད་པའི་སྐྱེད་དངུལ་གང་ཡང་བསྡུ་མི་ཆོག་པ་གསལ་བོར་བསྟན།
བྱེ་བྲག་གི་བཀོལ་སྤྱོད་ཐད་ནས། གཏན་འབེབས་ནང་ཡུལ་དངོས་ནས་མི་སྒེར་གྱི་དངུལ་བུན་གཡར་བའི་ལས་སྒོ་གཉེར་སྐབས། དངུལ་བུན་གན་རྒྱ་འཇོག་པའམ་ཡང་ན་དུས་བགོས་ཀྱི་འགྲོ་ལུགས་མ་གཉེར་གོང་དུ། དངུལ་བུན་ལེན་མཁན་གྱིས་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་རྩ་གསལ་སྟོན་རེའུ་མིག་ཐོག་མིང་རྟགས་བཀོད་ནས་གཏན་འཁེལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
དྲ་ཐོག་ནས་མི་སྒེར་གྱི་དངུལ་བུན་ལེན་པའི་ལས་སྒོ་གཉེར་སྐབས། ཧོབ་ཐོན་སྐར་ཁུང་གི་རྣམ་པའི་ཐོག་ནས་དངུལ་བུན་གཡར་མཁན་ལ་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་རྩ་གསལ་སྟོན་རེའུ་མིག་བསྟན་ཏེ། ངེས་པར་དུ་དེ་ཀློག་པའི་དུས་ཚོད་དམིགས་སུ་བཀོད་སྒྲིག་བྱས་ཏེ། དངུལ་བུན་ལེན་མཁན་གྱིས་དངུལ་བུན་གན་རྒྱ་མ་བཞག་གོང་ངམ་ཡང་ན་དུས་བགོས་བུན་འཇལ་མ་བསྒྲུབ་གོང་གཏན་འཁེལ་གསལ་བོ་བྱེད་དགོས།
དྲ་ཐོག་འཛད་སྤྱོད་ཀྱི་རྣམ་པའི་ཐོག་ནས་དུས་བགོས་བུན་འཇལ་གྱི་ལས་སྒོ་གཉེར་སྐབས། འཛད་སྤྱོད་མངགས་ཐོའི་དངུལ་སྤྲོད་དྲ་ངོས་སུ་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་མ་རྩའི་འབྲེལ་ཡོད་ཆ་འཕྲིན་གསལ་པོ་སྟོན་དགོས།
གཏན་འབེབས་གསར་པ་དེ་ད་ལོའི་ཟླ8པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་དང་། ལག་བསྟར་བྱེད་སྐབས“གསར་རྙིང་དབྱེ་འབྱེད”ཀྱི་རྩ་དོན་གཞིར་བཟུང་ནས། ལས་སྒོ་གསར་པས་གཏན་འབེབས་བྱས་པའི་བླང་བྱ་ལྟར་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་རྩ་གསལ་པོར་སྟོན་དགོས།