ཟླ3པའི་ཚེས17ཉིན། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བསྡུས་ནས་གཅིག་བསྡུས་སློབ་སྦྱོང་དང་ཞིབ་འཇུག་བགྲོ་གླེང་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་བསྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་པ། དངོས་སྒྲུབ་དངོས་གཉེར་བྱེད་པ”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་སྒྲུབ་པ། སྲིད་འབྲས་ལྟ་བ་ཡང་དག་པ་དངོས་གནས་སེམས་སུ་ཟུག་པ་དང་ཕྱི་ནས་ལག་ལེན་དུ་བསྟར་ཏེ། སློབ་སྦྱོང་གྲུབ་འབྲས་དེ་དམངས་ཀྱི་ཆེད་དུ་སྲིད་འབྲས་བརྩོན་པ་དང་། དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་བརྩོན་པའི་བྱ་སྤྱོད་དང་གྲུབ་འབྲས་སུ་སྒྱུར་བར་འབད་བརྩོན་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པར་ཁག་ཐེག་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེད་དུ་མཚོ་སྔོན་གྱིས་འབུལ་འོས་པའི་བྱས་རྗེས་འཇོག་དགོས་པ་ནན་གྱིས་བསྟན།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་པར་མ་ཟད་ཀྲུང་དབྱང་ཏང་གི་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས། མགོན་པོ་བཀྲ་ཤིས་དང་ལིའུ་ཆི་ཧྥན་སོགས་ཞིང་ཆེན་གྱི་འགོ་ཁྲིད་སློབ་སྦྱོང་ལ་ཞུགས།
ཝུའུ་ཞའོ་ཅུན་གྱིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ད་ལོའི་ཏང་གི་འཛུགས་སྐྲུན་གྱི་འགན་འཁྲི་གལ་ཆེན་ཡིན། སྲིད་འབྲས་ལྟ་བ་ཡང་དག་པའི་ཕུན་སུམ་ཚོགས་པའི་གོ་དོན་རྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ། 《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་རྣམ་བཤད་བཏུས་བསྒྲིགས》སོགས་གཏན་འབེབས་བྱས་པའི་ནང་དོན་ཞིབ་ཀློག་ནན་མོ་བྱེད་པ་དང་། “སྤྱི་དོན་དུ་ཏང་འཛུགས་པའི”རྩ་བའི་ལངས་ཕྱོགས་ལ་དམིགས་ཏེ། “དམངས་ལ་བདེ་སྐྱིད་བསྐྲུན་པའི”རིན་ཐང་འཚོལ་སྙེག་གཏན་འཁེལ་བྱེད་པ་དང་། “ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་པའི”ཡང་དག་པའི་བྱེད་ཐབས་བརྩི་སྲུང་བྱེད་པ། “དངོས་སྒྲུབ་དངོས་གཉེར”གྱི་ལག་ལེན་ཀུན་སྤྱོད་དར་སྤེལ་གཏོང་བ། ཐོག་མཐའ་བར་གསུམ་དུ“རྒྱལ་དོན་གྱི་ཆེ་ཕྱོགས”སེམས་ལ་བཅངས་ཏེ། མཚོ་སྔོན་གྱི་བྱ་བ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་བཞག་ནས་བསམ་གཞིགས་བྱེད་པ་དང་། ངེས་གནས་གཏན་འཁེལ་དང་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱིས་མཐོང་ཐུབ་པ་དང་རེག་ཐུབ་པའི“གྲུབ་འབྲས་ཆེན་པོ”ལེགས་པར་བསྒྲུབས་དགོས་པ་མ་ཟད། ཡུན་རིང་དང་འབྲེལ་བ་ཡོད་པའི“མངོན་ཆུང་གྲུབ་འབྲས”ཀྱི་དོན་ཆེན་སྔར་ལས་ལེགས་པར་བསྒྲུབས་ཏེ། “དབྱང་དབུགས་དཀོན་རུང་སྙིང་སྟོབས་ཆེ་བའི”ངར་ཤུགས་ལ་བརྟེན་ནས། ཏན་ཏིག་གི་འབད་འཐབ་གྲུབ་འབྲས་ཀྱིས་མཐོ་སྒང་གི་ས་གཞི་ཆེན་པོར་འབད་འཐབ་ཀྱི་ཞབས་རྗེས་འགོད་དགོས་ཞེས་བསྟན།
ཝུའུ་ཞའོ་ཅུན་གྱིས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་སེམས་རྣལ་དུ་ཕབ་ནས་སློབ་སྦྱོང་བྱེད་པ་དང་། སེམས་རྣལ་དུ་ཕབ་ནས་བསམ་གཞིགས་གཏོང་བ། སེམས་རྣལ་དུ་ཕབ་ནས་ཤེས་རྟོགས་བཅས་བྱས་ཏེ། “སློབ་སྦྱོང་དང་ཞིབ་བཤེར། བཅོས་སྒྱུར། འཛུགས་སྐྲུན”གྱི་ལས་རིམ་ཆ་ཚང་ཞིག་བསྐྲུན་ནས། སློབ་སྦྱོང་ནན་མོ་བྱེད་པ་དང་གོ་བ་ཟབ་མོ་ལེན་པར་དམིགས་ཏེ། དགོངས་པར་སློབ་སྦྱོང་བྱེད་པ་དེ་ལས་འགན་ཨང་དང་པོར་བཞག་ནས་ཐོག་མཐའ་བར་གསུམ་དུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། ལྟ་བསྡུར་ཞིབ་བཤེར་བྱེད་པར་དམ་པོར་དམིགས་ཏེ། གཙོ་གནད་ལ་དབྱེ་ཞིབ་དང་ཁྱོན་ཡོངས་ནས་བཤེར་འདོན་ཞིབ་ཚགས་བྱས་ཏེ། གནད་དོན་གྱི་ཞིབ་ཐོ་གྲུབ་པ་དང་། གནད་དོན་གྱི་མཚོན་ཚུལ་དང་བྱེ་བྲག་གི་དཔེ་མཚོན། དག་ཐེར་བྱེད་ཐབས་བཅས་གསལ་བོ་བྱེད་དགོས། དག་ཐེར་ཡོ་བསྲང་དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱས་ཏེ། འཕྲིན་བཅར་གྱིས་གྱོད་དོན་ཐག་གཅོད་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་པ། སྐོར་ཞིབ་རྩིས་བཤེར་ལྟ་ཞིབ་ཀྱི་ཚུར་ལྡོག་གནད་དོན་དག་ཐེར་བཅོས་སྒྲིག་བྱེད་པ། “དམངས་ཕན་བྱ་སྤྱོད་ཁག་བདུན”གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་སོགས་བྱས་ཏེ། ལོ་རྒྱུས་ལས་བྱུང་བའི་གནད་དོན་ཁག་གཅིག་ཐག་གཅོད་བྱེད་པ་དང་། འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་དཀའ་གནད་ཁག་ཅིག་ཐག་གཅོད་བྱེད་པ། འཕྲིན་བཅར་གྱོད་གཞི་ཁག་ཅིག་ཐག་གཅོད་བྱེད་པ། མང་ཚོགས་ཀྱི་ཁེ་ཕན་གནད་དོན་ལ་གནོད་པ་ཡོད་པའི་དོན་དག་སྐོར་ཞིག་དག་ཐེར་བཅོས་སྐྱོང་བྱེད་པ། སྐོར་ཞིབ་རྩིས་བཤེར་གྱི་ཚུར་ལྡོག་གནད་དོན་ཁག་ཅིག་བསྒྲུབས་ཏེ། མང་ཚོགས་ཀྱིས་ཚོར་ཐུབ་པའི་དོན་དངོས་སྐོར་ཞིག་བསྒྲུབ་དགོས། སྒྲིག་སྲོལ་ལམ་ལུགས་འཛུགས་པར་དམིགས་ཏེ། ཇུས་ཐག་གཅོད་པའི་རྐྱེན་སྲོལ་དང་། དཔྱད་ཞིབ་གདེང་འཇོག་མ་ལག སྐྱོན་བཟོད་སྐྱོན་བཅོས་ཀྱི་རྐྱེན་སྲོལ་བཅས་འཐུས་ཚང་དུ་བཏང་ནས། འགན་འཁྲི་ཁུར་ཕོད་པ་དང་ཏན་ཏིག་གིས་བྱ་བ་སྒྲུབ་པའི་ལས་བྱེད་པར་རྒྱབ་སྐྱོར་དང་སྐུལ་མ་བཏང་སྟེ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་རྒྱུན་རྣམ་དང་ཡུན་ཕན་གྱི་ལམ་ལུགས་རྐྱེན་སྲོལ་འགན་སྲུང་འདོན་སྤྲོད་བྱ་དགོས་པ་ནན་གྱིས་བསྟན།
ཝུའུ་ཞའོ་ཅུན་གྱིས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་མཐར་གཏུག་ན་བྱ་བའི་སྟེང་མངོན་པར་སྐུལ་འདེད་གཏོང་དགོས། སློབ་སྦྱོང་གི་གྲུབ་འབྲས་དེ“དཔེ་བསྡུར་མིག་དཔེར་འཛིན་པ་དང་ཁ་ཕྱོགས་ཡང་དག་པར་འཛིན་པའི”ཆབ་སྲིད་ནུས་པ་དང་། “དམིགས་འབེན་ལག་བསྟར་དང་མི་དམངས་ལ་ཞབས་འདེགས་ཞུ་བའི”དམངས་དོན་བྱ་སྤྱོད། “འཕེལ་རྒྱས་ལ་སྐུལ་འདེད་དང་མཁྲེགས་གཏོར་ཁག་སེལ”གྱི་བསམ་བཀོད་བྱེད་ཐབས་དང“སྤྱོད་ཚུལ་ལེགས་བཅོས་དང་དངོས་སྒྲུབ་སྔོན་བརྩོན”གྱི་རྣམ་པ་གསར་རྐྱང་བཅས་སུ་བསྒྱུར་ནས། འཆར་འགོད་དུས་ནམ་ཡང་རྒྱུན་འཁྱོངས་བྱས་ཏེ། བསམ་བློ་དང་སེམས་ཤུགས་བྱ་བ་དངོས་སྒྲུབ་པ་དང་ཕན་འབྲས་དངོས་བརྩོན་ལེན་བྱེད་པའི་ཐད་བཏོན་ནས། ལོ་རྒྱུས་དང་ལག་ལེན། མི་དམངས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་རྒྱུགས་ལན་ཞིག་སྤྲོད་དགོས་པའི་བླང་བྱ་བཏོན།
ལུའོ་ཏུང་ཁྲོན་གྱིས་སློབ་སྦྱོང་ནན་མོ་དང་གོ་བ་ཟབ་མོ་ལེན་པའི་ཁྲོད་བསམ་བློའི་རྨང་གཞི་བརྟན་པོ་བཏིང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་རྒྱས་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། རང་རྟོགས་སྒོས་ཏང་གཤིས་རིམ་པ་ནས་བར་ཁྱད་འཚོལ་བ་དང་འབྱུང་རྩ་ཞིབ་བཤེར། བློ་སྦྱོང་ཆེ་རུ་གཏོང་བ་བཅས་བྱས་ནས། བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་ཕབ་གཉིས”ལ་གོང་བཀུར་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་དགོས། བསམ་སྦྱོར་གཅིག་མཐུན་ཁྲོད་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྔར་ལས་བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནུས་ལྡན་བྱས་ཏེ། གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱེད་པའི་ཐད་འབད་བརྩོན་དང་ཕན་འབྲས་དངོས་བརྩོན་ལེན་བྱས་ནས། སྲིད་འབྲས་ལྟ་བ་ཡང་དག་པར་བརྟེན་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་རྒྱུར་སྣེ་ཁྲིད་པར་སྐུལ་འདེད་གཏོང་དགོས། དཔེ་སྟོན་སྣེ་ཁྲིད་ཁྲོད་འབད་འཐབ་མདུན་སྐྱོད་ཀྱི་འགྲིལ་ཤུགས་ཆགས་པར་བྱེད་པ་དང་། ཡང་དག་པའི་སྲིད་འབྲས་ལྟ་བ་རིམ་པ་རེ་རེ་བཞིན་བརྒྱུད་སྤྲོད་བྱས་ཏེ། དངོས་སྒྲུབ་ལ་བརྩི་མཐོང་དང་དོན་འཁྱོལ་དམ་འཛིན་ནན་མོ་བྱེད་པ། བསྡུར་སྦྱོང་འདེད་བརྒལ་གྱི་རྣམ་པ་བཟང་བོ་ནུས་ཤུགས་ཡོད་རྒུས་བཏོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་དེ་གོམ་སྟབས་བརྟན་པོའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
གཅིག་བསྡུས་སློབ་སྦྱོང་དང་ཞིབ་འཇུག་བགྲོ་གླེང་བྱེད་པའི་སྐབས་སུ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱིས《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་རྣམ་བཤད་བཏུས་བསྒྲིགས》སྣེ་ཁྲིད་དེ་སློབ་སྦྱོང་བྱས། ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་སུང་ཧྥུའུ་ཧྥན་གྱིས་ཆེད་དོན་ཟུར་ཁྲིད་བྱས། ཚོགས་ཞུགས་བློ་མཐུན་རྣམས་ཀྱིས་རང་སྦྱོང་གི་རྨང་གཞིའི་སྟེང་ཚན་ཆུང་བགོས་ནས་གྲོས་བསྡུར་བྱས།