སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་ལངས་ཏེ། ཕྱི་རོལ་ཡུལ་གྱི་ཆ་རྐྱེན་ལ་རྐང་ཚུགས་པ་དང་། བསྡུར་གཞི་ཡོད་པའི་དགེ་མཚན་འདོན་སྤེལ་བྱས་ཏེ། བརྟན་ཐོག་ཡར་འཕེལ་དང་སྐས་རིམ་ལྟ་བུའི་གསོ་སྐྱོང་རྒྱུན་འཁྱོངས་སྒོས་རང་རྒྱལ་གྱི་མ་འོངས་ཐོན་ལས་འཕེལ་རྒྱས་ཐད་མུ་མཐུད་དུ་ཐོད་བརྒལ་གསར་པ་འབྱུང་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོར། རང་རྒྱལ་གྱི་མ་འོངས་ཐོན་ལས་འཕེལ་རྒྱས་ཁྱོན་ཡོངས་ནས་ཇེ་མགྱོགས་སུ་བཏང་སྟེ། གསར་གཏོད་ཀྱི་གྲུབ་འབྲས་མགྱོགས་མྱུར་ངང་མངོན་པ་དང་། ས་གནས་སོ་སོའི་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། གསར་གཏོད་ཀྱི་གསོན་ཤུགས་ཆེན་པོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྩོལ་བཞིན་ཡོད།
ལོ་འགོ་ཚུགས་མ་ཐག རང་རྒྱལ་གྱི་མ་འོངས་ཐོན་ལས་ཀྱི་ཁྱབ་ཁོངས་ཁག་ཏུ་གཏམ་བཟང་མུ་མཐུད་དུ་བསྒྲགས་བྱུང་། ཚད་རྡུལ་རྩིས་རྒྱག་གིས་བསྟུད་མར་ལོ་རྒྱུས་ཀྱི་ཟིན་ཐོ་བསྐྲུན། ཚོད་འཛིན་ཐུབ་པའི་ཉིང་རྡུལ་འདུས་འགྱུར་ཚན་རིག་སྒྲིག་ཆས་ཆེན་པོའི་ཚོད་ལྟ་མུ་མཐུད་དུ་ཐོད་བརྒལ་བྱུང་། ཀླད་འཕྲུལ་སྤྱོད་པའི་ལྟེ་བའི་ལག་རྩལ་གྱི་དམིགས་ཚད་དང་། ཆེད་ཁེའི་བདག་དབང་ཡོད་པའི་གྲངས་འབོར་འཛམ་གླིང་གི་ཨང་དང་པོ་ཡིན་པས། གསར་གཏོད་ཀྱི་གྲུབ་འབྲས་འཕྲོ་རིམ་འཕྲོར་འབྱུང་བཞིན་ཡོད།
མ་འོངས་ཐོན་ལས་ཀྱིས་སྐོར་ཐེངས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་འཕེལ་རྒྱས་ཁ་ཕྱོགས་མཚོན་གྱིན་ཡོད་པས། རྒྱལ་ཁབ་ཀྱི་འགྲན་རྩོད་དགེ་མཚན་གསར་པ་གཏོད་པ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་གཏོད་པའི་འགག་རྩའི་ཁྱབ་ཁོངས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མ་འོངས་པའི་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། ལོ་གསར་འགོ་བརྩམས་མ་ཐག ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཐུན་མོང་སློབ་སྦྱོང་ཐེངས་དང་པོ་བྱེད་སྐབས་སྔོན་དཔག་བཀོད་སྒྲིག་དང་མ་འོངས་བའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་དམིགས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཚོགས་འདུའི་ཐོག་མ་འོངས་པབའི་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས་དོན་ཅི་ཡིན་པ་དང་། མ་འོངས་ཐོན་ལས་འཕེལ་རྒྱས་ཇི་ལྟར་གཏོང་དགོས་མིན་སོགས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་འཆད་འགྲེལ་གཏིང་ཟབ་གནང་སྟེ། མ་འོངས་ཐོན་ལས་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་བོ་གནང་། ཉིན10ཡི་རྗེས་སུ། 2026ལོར་ཐེངས་དང་པོར་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་པེ་ཅིང་དུ་ཕེབས་ནས་མི་ཐབས་རིག་ནུས་དང་འཕྲུལ་མི་སོགས་ཀྱི་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་ནས། “ང་ཚོའི་རྒྱལ་ཁབ་ཀྱིས་སྟོབས་ཤུགས་གཅིག་བསྡུས་སྒོས་དོན་ཆེན་སྒྲུབ་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། སྤུས་ལེགས་རྒྱུ་རྐྱེན་སྣ་ཚོགས་གཅིག་ཏུ་བསྡུས་ནས་འགག་གནད་སྒྲོལ་ཐབས་བྱ་དགོས་པའི་མངགས་བཅོལ་གནང་།
ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མ་འོངས་ཐོན་ལས་ཐད་བཀོད་སྒྲིག་གལ་ཆེན་གནང་སྟེ། “སྲོལ་རྒྱུན་གྱི་ཐོན་ལས་ལེགས་བསྒྱུར་དང་མཐོར་འདེགས་སུ་གཏོང་བ། གསར་དར་ཐོན་ལས་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ། མ་འོངས་ཐོན་ལས་བཀོད་སྒྲིག་བྱེད་པ་བཅས་ཀྱི་ཐད་རྣམ་པ་གསར་པ་གཏོད་དགོས”ཞེས་ནན་གྱིས་བསྟན།
ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གསར་དར་ཐོན་ལས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ། ཆུས་ཧྲེན་ཉིང་གིས་བཤད་རྒྱུར། ད་ལོ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས་གལ་ཆེའི་གནས་བབ་མི་འདྲ་བ་ནས་མ་འོངས་ཐོན་ལས་འཕེལ་རྒྱས་ཐད་མཛུབ་སྟོན་གལ་ཆེན་ཡང་ཡང་གནང་སྟེ། མིག་སྔར་ཚན་རྩལ་གསར་གཏོད་གལ་ཆེན་ལ་བརྟེན་ནས་མ་འོངས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་རང་བཞིན་དང་ཁ་ཚ་དགོས་གཏུག་གི་རང་བཞིན་མངོན་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལས་ཁྱོན་ཡོངས་ལ་རྐང་ཚུགས་པ་དང་གོ་རིམ་ལྡན་པའི་སྒོ་ནས་ཇུས་འགོད་བྱས་ཏེ། ཚན་རྩལ་གསར་གཏོད་དང་ཁེ་ལས་གསོ་སྐྱོང་། སྲིད་ཇུས་འགན་ལེན། བཅོས་སྐྱོང་མ་ལག རྒྱལ་སྤྱིའི་མཉམ་ལས་སོགས་ཕྱོགས་མང་པོ་ནས་མ་འོངས་ཐོན་ལས་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཏེ། ང་ཚོས་མ་འོངས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་སྔར་ལས་གསལ་ཞིང་སྔར་ལས་གདེང་ཚོད་ཡོད་པར་བྱས།
ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་རྩ་གནད་ཀྱིས་མ་འོངས་ཐོན་ལས་འཕེལ་རྒྱས་གཏོང་བར་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས། “མ་འོངས་བའི་འཕེལ་རྒྱས་ལ་སྣེ་ཁྲིད་པའི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། མ་འོངས་ཐོན་ལས་ཀྱི་མུ་ཕྲེང་ཧྲིལ་པོའི་གསོ་སྐྱོང་མ་ལག་བཙུགས་པ་དང་། ཚད་རྡུལ་ཚན་རྩལ་དང་སྐྱེ་དངོས་བཟོ་སྐྲུན། ཆིང་ནུས། ཉིང་འདུས་འགྱུར་ནུས། ཀླད་འཕྲུལ་ཉེར་སྤྱོད་ལག་རྩལ། ལུས་ལྡན་རིག་ནུས། སྤོ་འགུལ་འཕྲིན་གཏོང་རབས་དྲུག་པ་སོགས་དཔལ་འབྱོར་འཕར་སྣེ་གསར་པར་འགྱུར་བར་སྐུལ་འདེད་བཏང་། ” དུས་མཚུངས་སུ་ཆ་ཚང་བའི་ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། བྱེ་བྲག་གིས་དོན་འཁྱོལ་བྱེད་པའི་འདེགས་སྐྱོར་གསལ་བོ་བྱས་ཏེ།“མ་འོངས་ཐོན་ལས་དངུལ་གཏོང་འཕར་ཚད་དང་ཉེན་ཁ་མཉམ་འཁུར་གྱི་ལམ་སྲོལ་འཛུགས་པ། མ་འོངས་ཐོན་ལས་འཕེལ་རྒྱས་གཏོང་བའི་དཔེ་སྟོན་བཟོ་སྐྲུན་རྩ་འཛུགས་དང་ལག་བསྟར་བྱེད་པ། རྒྱལ་ཁབ་ཀྱི་མ་འོངས་ཐོན་ལས་ཞིབ་འཇུག་ཁང་དང་དོན་སྤྱི་ར་སྤྲོད་ལྟེ་གནས་ཁག་ཅིག་བཀོད་སྒྲིག་བྱེད་པ། མ་འོངས་ཐོན་ལས་སྣེ་ཁྲིད་ས་ཁུལ་སྐོར་ཞིག་འཛུགས་སྐྲུན་བྱེད་པ། ”བཅས་མ་འོངས་ཐོན་ལས་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་སྔར་ལས་བརྟན་པོ་མཁོ་འདོན་བྱ་དགོས་པ་བཏོན།
འགྲན་ལམ་གལ་ཆེན་འདི་དག་ལ་དམིགས་ཏེ། ས་གནས་སོ་སོས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ་ཇེ་མགྱོགས་སུ་བཏང་པས། མ་འོངས་ཐོན་ལས་འཕེལ་རྒྱས་ཀྱི་ཚ་རླབས་མུ་མཐུད་དུ་འཕྱུར་བཞིན་ཡོད།
མ་འོངས་ཐོན་ལས་འཕེལ་ཇེ་རྒྱས་མགྱོགས་སུ་གཏོང་བར། ཐོག་མར་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་ཇེ་མགྱོགས་སུ་གཏོང་དགོས། མིག་སྔར། རང་རྒྱལ་གྱིས་བསྡོམས་པས་མ་འོངས་ཐོན་ལས་གསར་གཏོད་ཀྱི“ལས་འགན་སྤྱི་བསྒྲགས་འགན་ཁུར་བའི”འགག་སྒྲོལ་ལས་འགན100ལྷག་བཀོད་སྒྲིག་བྱས་ནས། དཔེ་མཚོན་གྱི་བཀོལ་སྤྱོད་རྣམ་པ་ཁག་ཅིག་བཏོད་པ་དང་། ཚོད་ལྟ་ཁང་ནང་གི“ཐབས་ཤེས་བཟང་པོ”དེ་ཐོན་སྐྱེད་ལས་རིམ་ཐོག་གི“ཐོན་རྫས་བཟང་པོར”འགྱུར་པར་སྐུལ་འདེད་བཏང་།
མ་འོངས་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་ཁེ་ལས་ཀྱི་གཙོ་གཞི་ནུས་པ་འདོན་སྤེལ་བྱས་ཏེ། གསར་གཏོད་ཐོན་ཁུངས་སྣ་ཚོགས་ཁེ་ལས་སུ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ལོ་གསར་པའི་ཚུན་ལ། ས་གནས་སོ་སོའི་མ་འོངས་ཐོན་ལས་ཀྱི་འབྲེལ་ཡོད་ཁེ་ལས་ལ་ཐོ་འགོད་བྱེད་ཚད་མུ་མཐུད་དུ་ཇེ་མང་དུ་སོང་ཡོད། མ་འགྱངས་བའི་སྔོན་ལ། ཨན་ཧུའེ་ཧོ་ཧྥེ་ཡིས་ཉིང་རྡུལ་འདུས་འགྱུར་ཚོགས་ཆེན་ཞིག་འཚོགས་པ་དང་། རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཐོན་པའི་མ་རྩ་དང་ཚན་ཞིབ་སློབ་གླིང་། ཐོན་ལས་སོགས་ཁྱབ་ཁོངས་ཁག་ཚུད་པའི་འཐུས་མི1500ལྷག་མཉམ་དུ་འཛོམས་ཏེ་ལོ་གསར་པའི་ནང་གི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས།
ཨན་ཧུའེ་ཞིང་ཆེན་ཧོ་ཧྥེ་གྲོང་ཁྱེར་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ཚན་རིག་ལྟེ་གནས་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་ལི་ཁྲེན་གྱིས་བཤད་རྒྱུར།
ང་ཚོར་ཚན་རྩལ་གལ་ཆེན་གྱི་རྨང་གཞིའི་སྒྲིག་བཀོད་ཡོད་ལ། མ་འོངས་པའི་ཐོན་ལས་ཐེབས་རྩའང་འཛུགས་བཞིན་པའི་སྒང་ཡིན། འཇོན་མིའི་མཐོ་གནས་བསྐྲུན་ཏེ་ཐོན་ལས་ཀྱི་གཙོ་རྒྱུ་སོ་སོ་གཙོ་རྒྱུག་ཐོན་ལས་ཀྱི་ཕྱོགས་སུ་མགྱོགས་མྱུར་ངང་བཀོད་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།
མ་འོངས་པའི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། པེ་ཅིང་དབྱིས་ཀྲུང་ན་ཡོད་པའི་རྒྱལ་ཁབ་ཡིད་རྟོན་གསར་འཛུགས་གླིང་དུ། སྲིད་གཞུང་གིས་ཟོང་འགྲུལ་དང་ཚོང་ར་སོགས་རིགས་ཆེན་པོ་9ཡི་ཡུལ་དངོས་50ལྷག་དུ་འཕྲུལ་མིར་བརྟེན་ནས་ཁེ་ལས་ཀྱིས་གཞི་གྲངས་འཚོལ་བསྡུ་བྱས་པ་དང་། ཁྲི་རིམ་པའི་ཐོན་ནུས་ཀྱི་གཟུགས་ལྡན་རིག་ནུས་འཕྲུལ་མིའི་རིམ་འདས་བཟོ་གྲྭ་ཞིག་ཀྱང་མགྱོགས་མྱུར་སྒོས་སྐྲུན་འགོ་ཚུགས་ཡོད།
པེ་ཅིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁུང་ལེ་ཡིས་བཤད་རྒྱུར། ང་ཚོས་དྲ་ལམ་དང་ཚོང་ལས་མཁའ་སྐྱོད། མཉམ་གྲུབ་སྐྱེ་དངོས་བཅས་ལ་དམིགས་ནས་སྲིད་ཇུས་དང་མ་ལག་ཁག་ཅིག་བཏོན་ཡོད། ད་ལོར། ང་ཚོས་ཁྱབ་ཁོངས་མི་འདྲ་བའི་ཞིབ་ཕྲའི་གནས་ཚུལ་ཁ་ཤས་ལ་དམིགས་ནས་ད་དུང་སྲིད་ཇུས་ཁག་ཅིག་འདོན་རྒྱུ་ཡིན། དེ་ཐོན་ལས་གསར་གཏོད་ཀྱི་རིམ་འཇུག་མྱུར་ཚད་དང་བསྟུན་ནས་སྙོམ་སྒྲིག་བྱ་དགོས་པས། དམིགས་གཏད་རང་བཞིན་སྔར་ལས་མཐོ།
འགོ་རྩོམ་པའི་ལོར་མིག་རྒྱང་རིང་དགོས། ཚོད་ལྟ་ཁང་གི་ལག་རྩལ་ཐོད་བརྒལ་ནས་ཐོན་སྐྱེད་ལས་རིམ་གྱི་གྲུབ་འབྲས་དོན་འཁྱོལ་བར་དང་། ཐོན་ལས་གླིང་ཁུལ་གྱི་གཅིག་སྡུད་འཕེལ་རྒྱས་ནས་སྣེ་ཁྲིད་ཁུལ་གྱི་དཔེ་སྟོན་བར་དུ། འཕེལ་རྒྱས་བྱུང་བ་མགྱོགས་པའི་མ་འོངས་པའི་ཐོན་ལས་ཀྱིས་ཀྲུང་གོའི་དཔལ་འབྱོར་གྱི་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འབྱུང་འགྱུར་གསར་པ་གཏོད་བཞིན་ཡོད།