ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས“3·15”དགོང་ཚོགས་ཐོག་དམར་འདོན་བྱས་པའི་འབྲེལ་ཡོད་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི“3·15”དགོང་ཚོགས་ཐོག་དམར་འདོན་བྱས་པའི་ཁྲོམ་ར་ལྟ་སྐུལ་དོ་དམ་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་བྱ་སྤྱོད་ལ་དམིགས་ནས། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་འཕྲལ་བསྟུན་ཐག་གཅོད་ལམ་སྲོལ་མགྱོགས་མྱུར་ངང་ལག་བསྟར་བྱས་ནས། ཆེད་དོན་གྱོད་གཞིའི་ཚོ་ཆུང6དང་ལས་དོན་ཚོ་ཆུང་9འབྲེལ་ཡོད་ས་ཁུལ་དུ་གྱོད་གཞི་ཞིབ་བཤེར་ཐག་གཅོད་དང་ལྟ་སྐུལ་མཛུབ་ཁྲིད་ལས་དོན་སྤེལ་བར་མངགས་པ་རེད།

རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་པའེ་ཆིང་ཡོན་གྱིས་བཤད་རྒྱུར།  དགོང་ཚོགས་ཐོག་དམར་འདོན་བྱས་པའི་འབྲེལ་ཡོད་གནད་དོན་གྱི་ཁུངས་སྣེར་སྟོབས་ཤུགས་གཅིག་བསྡུས་ཀྱིས་འཆར་འགོད་དང་། རྩད་གཅོད་གཏིང་ཟབ། བྱེ་བྲག་གི་གྱོད་གཞི་རེ་རེ་བཞིན་ནན་ཏན་དང་གནད་ལ་འཁེལ་བར་བསྒྲུབ་དགོས་པ་མ་ཟད། ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་པར་གནད་དོན་གྱི་འབྱུང་རྩ་སྔར་ལས་སྔོག་འདོན་གཏིང་ཟབ་བྱས་ནས་ལྟ་སྐུལ་དོ་དམ་གྱི་སྐྱོན་ཆ་འཚོལ་དགོས། གཅིག་ཤེས་ཀུན་གྲོལ་དང་ཆད་ལུས་ཞིབ་བཤེར་ཁ་གསབ་བྱས་ཏེ། རིགས་མཐུན་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་བཅོས་སྐྱོང་ནན་མོ་བྱེད་དགོས། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་བདེ་འཇགས་བརྟན་སྲུང་བྱེད་དགོས།

དེ་ལས་གཞན། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་དེ་རིང་ནས་བཟུང་དྲ་རྒྱའི་ཟས་རིགས་བདེ་འཇགས་ལུགས་མཐུན་དང་སྤུས་ཚད་མཐོ་རུ་གཏོང་བའི་བྱེད་སྒོ་སྐོར་ཞིག་བཀོད་སྒྲིག་བྱས་པ་རེད། བྱེད་སྒོ་སྤེལ་སྐབས་སུ། ས་གནས་སོ་སོའི་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཐད་གཏོང་ལས་ཟས་རིགས་ཕྱིར་ཚོང་དང་། དྲ་ཐོག་ནས་ཟས་རིགས་ཕྱིར་ཚོང་། ལུས་ཁམས་བདེ་སྲུང་གི་ཟས་རིགས། དྲ་གྲགས་ཟས་རིགས་སོགས་མངོན་གསལ་གྱི་གནད་དོན་ལ་དམིགས་ནས་ཆེད་དོན་བཅོས་སྐྱོང་བྱས་ཏེ་དངོས་ཟོག་རྫུན་མ་དང་རྒྱུ་སྤུས་རྫུན་བཟོ་སོགས་ཀྱི་གནད་དོན་ཡོད་པའི་ཟས་རིགས་ཀྱི་ལྟ་སྐུལ་དོ་དམ་དང་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ལ། དྲ་ཐོག་ཉོ་འཚོང་ལས་སྟེགས་ཀྱིས་མཉམ་འབྲེལ་ཐོག་རང་གཅུན་སྤྱི་ཆིངས་ལ་མིང་རྟགས་འགོད་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་།  ས་ཁོངས་ལས་བརྒལ་བ་དང་དྲ་ཐོག་ཡུལ་དངོས་གཉིས་ཀྱི་མཐུན་སྦྱོར་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ།  ཟས་རིགས་བདེ་འཇགས་ཀྱི་འབྱུང་ཁུངས་རྗེས་འདེད་ཐུབ་པ་དང་། ཉེན་ཁ་རྗེས་འདེད་ཐུབ་པ་མངོན་འགྱུར་བྱེད་དགོས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།