ཟླ3པའི་ཚེས13ཉིན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས“གཙང་བོའི་འབྱུང་ཡུལ་སྤྱི་ཕན་བསམ་པས། ཟས་རིགས་དང་སྨན་རྫས་ཀྱི་དམངས་འཚོ་སྲུང་སྐྱོབ་བྱེད”ཅེས་པའི་སྤྱི་ཕན་ཞུ་གཏུག་གི་དཔེ་མཚོན་ཅན་གྱི་གྱོད་གཞིའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་སྤེལ་ཏེ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཟས་རིགས་སྨན་རྫས་བདེ་འཇགས་སྤྱི་ཕན་ཞུ་གཏུག་གི་འགན་སྒྲུབ་གྲུབ་འབྲས་སྤྱི་བསྒྲགས་བྱས་པར་མ་ཟད། དཔེ་མཚོན་ཅན་གྱི་གྱོད་དཔེ་སྤེལ།
གཏམ་བཤད་མི་སྣས་ངོ་སྤྲོད་བྱེད་རྒྱུར། ཞིང་ཆེན་ཡོངས་ཀྱི་ཞིང་དཔྱོད་ལས་ཁུངས་ཀྱིས་ཟས་རིགས་དང་སྨན་རྫས་བདེ་འཇགས་ཀྱི་དཀྱིལ་སྙིང་ཁྱབ་ཁོངས་ལ་གཞི་བཙུགས་ཏེ། རྒྱུན་མཐུད་ངང་སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་འགན་སྒྲུབ་ཟབ་སྤེལ་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་དང་སྨན་རྫས་བདེ་འཇགས་ལ་ཏན་ཏིག་གིས་སྲུང་སྐྱོབ་བྱས། མིག་སྔའི་བར་དུ། ཁྱོན་སྡོམ་ཟས་རིགས་དང་སྨན་རྫས་བདེ་འཇགས་ཁྱབ་ཁོངས་ཀྱི་སྤྱི་ཕན་ཞུ་གཏུག་གྱོད་གཞི2654དང་། ཞིབ་དཔྱོད་གྲོས་གཞི1376བཟོ་འགྲེམས་བྱས་ཏེ། ཆད་གཅོད་རང་བཞིན་གྱི་གསབ་དངུལ་སྒོར་བྱེ་བ་ལྔ་ས་ཡ་གཅིག་འབུམ་བརྒྱད་ཁྲི་དགུ་བདའ་འདེད་བྱས།
ཉིན་རྒྱུན་གྱི་ལྟ་སྐུལ་ཁྲོད། ཞིབ་དཔྱོད་ལས་ཁུངས་ཀྱིས་ཟས་རིགས་ལ་ཁྲིམས་འགལ་གྱིས་ལས་སྣོན་བྱེད་པ་དང་། “གསུམ་མེད”ཟས་རིགས། སྦྲེལ་དྲའི་ཟས་རིགས་དང་སྨན་རྫས་ཀྱི་ཕྱིར་འཚོང་རྙོག་དྲ་སོགས་གནད་དོན་གཙོ་བོའི་རིགས་ལ་དམ་པོར་དམིགས་ཏེ། གྱོད་སྒྲུབ་ཁྱབ་ཁོངས་སུ་ཐོན་སྐྱེད་དང་འཁོར་རྒྱུག འཛད་སྤྱོད་བཅས་ཀྱི་གོ་རིམ་ཧྲིལ་བོ་ཁེབས་ཡོད་ལ། བཟོ་འགྲེམ་བྱས་པའི་ཞིབ་དཔྱོད་གྲོས་གཞི་ཡོངས་ལ་སྲིད་དོན་ལས་ཁུངས་ཀྱི་ལེགས་བཅོས་ལྡོག་ལན་ཐོབ་པ་དང་། དུས་ཡུན་རིང་བོར་མང་ཚོགས་ལ་དཀའ་ངལ་བཟོས་པའི་ཟས་རིགས་དང་སྨན་རྫས་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་། 2025ལོར། “ཟས་རིགས་བདེ་འཇགས་ཀྱི་སྤྱི་ཕན་རྒྱུད་ལམ”ཞེས་པའི་ཞིབ་དཔྱོད་སྤྱི་ཕན་ཞུ་གཏུག་གི་ལྟ་སྐུལ་བྱེད་སྒོ་སྤེལ་འགོ་བརྩམས་པ་དང་། དེའི་རིང་གྱོད་གཞི356སྒྲུབ་ཡོད་ལ། ཞིབ་དཔྱོད་གྲོས་གཞི229བཟོ་འགྲེམ་བྱས་པ་དང་། ཉེས་དོན་ཞར་བྱུང་དམངས་དོན་སྤྱི་ཕན་གྱོད་གཞི10ཞུ་གཏུགས་བྱས།
ལས་རིགས་ཀྱི་ལྟ་སྐུལ་དོ་དམ་གྱི་མི་འདང་སར་དམིགས་ཏེ། ཞིབ་དཔྱོད་ལས་ཁུངས་ཀྱིས་འབེན་ཕྱོགས་འགག་སྒྲོལ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི“ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྐྱེལ་འདྲེན་བྱེད་ཡུལ”འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལ་དམ་པོར་དམིགས་ནས། སྣེ་ཁྲིད་དེ་སྒོ་ཕྱུགས་གསོ་སྐྱོང་ཞིབ་བཤེར་དང་ནད་ཡམས་བརྟག་དཔྱད་ཀྱི་ཆེད་དོན་འགུལ་སྐྱོད་སྤེལ་བ་དང་། འབྲེལ་ཡོད་གྱོད་དོན27སྒྲུབ་ཡོད། འབྲེལ་ཡོད་སྡེ་ཁག་ལ་སྐུལ་འདེད་བཏང་སྟེ་རིགས་སོ་སོའི་ཐོན་སྐྱེད་ཚོང་གཉེར་ལས་ཁུངས་ཁྲི་གཅིག་སྟོང་བཞི་ལ་གྲལ་བཤེར་བྱས་ཏེ། གཞི་གྲངས་ཅན་གྱི་ལག་རྩལ་གྱིས་ཤ་རིགས་ཀྱི་ཡོང་ཁུངས་ཞིབ་བཤེར་བྱེད་པ་ཐུབ་པ་དང་སྦྲེལ་ཐག་ཧྲིལ་བོར་ཁུངས་འདེད་ཐུབ་པ་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་།
དེ་ལས་གཞན་ད་དུང་། ཞིབ་དཔྱོད་ལས་ཁུངས་ཀྱིས་མཐུན་སྦྱོར་ངང་བཅོས་སྐྱོང་ནུས་ཆོད་མཐོར་འདེགས་བཏང་སྟེ། ཟས་རིགས་ཁྱབ་ཁོངས་ཀྱི་ཉེས་འགལ་ལ“གྱོད་གཞི་གཅིག་ལ་ཕྱོགས་གཉིས་ནས་ཞིབ་བཤེར་བྱེད་པ”ལག་བསྟར་བྱས་ཏེ། དུས་མཉམ་དུ་ཉེས་དོན་འགན་འཁྲི་དང་སྤྱི་ཕན་གྱོང་གུད་འགན་འཁྲི་ལ་ཞིབ་བཤེར་བྱེད་པ་དང་། “7.31”ཆང་རྫུན་ཕྱིར་འཚོང་དམངས་དོན་སྤྱི་ཕན་ཞུ་གཏུགས་གྱོད་དོན་ཆེན་མོ་སྒྲུབ་སྟེ། ཁྲིམས་ལྟར་ཁྲིམས་གཅོད་རང་བཞིན་གྱི་སྐྱིན་ཚབ་ལྡབ་གསུམ་བདའ་འདེད་བྱས་ནས། ཁྲིམས་ལུགས་ཀྱི་ཟིལ་ཤུགས་མངོན་ཡོད། འཛད་སྤྱོད་མཐུན་ཚོགས་དང་མཉམ་འབྲེལ་སྒོས་རྒྱལ་ཡོངས་ཀྱི་ཐེངས་དང་པོའི“འཛད་སྤྱོད་དམངས་དོན་སྤྱི་ཕན་ཞུ་གཏུགས་ཞིབ་དཔྱོད་ཁང”བཙུགས་ཏེ། གཞོགས་འདེགས་དང་ལྟ་སྐུལ་ལ་སྲུབས་མེད་སྦྲེལ་མཐུད་བྱས་པ་དང་། ཕྱོགས་མང་བོ་མཉམ་འབྲེལ་སྒོས་ཟས་རིགས་དང་སྨན་རྫས་བདེ་འཇགས་བཅོས་སྐྱོང་གི་རྣམ་པ་གསར་བ་བསྐྲུན།