མདོ་ལ་རྫོང་གིས་དུས་ཚིགས་དང་པོར་དམངས་འཚོའི་ཐད་གྲུབ་འབྲས་མངོན་གསལ་བླངས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས15ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཏང་ཨུའི་གཞུང་སྒྲུབ་ཁང་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཟླ་གསུམ་པའི་ཟླ་དཀྱིལ་བར། མདོ་ལ་རྫོང་གིས་ལས་ཞུགས་ཇེ་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་གི་ཚད་ཇེ་དྲག་ཏུ་གཏོང་བ། ཞབས་ཞུ་ཇེ་ལེགས་སུ་གཏོང་བ་སོགས་བྱེད་ཐབས་ཆེན་པོ་གསུམ་བརྒྱུད་དེ། ལས་ཞུགས་ཡོང་འབབ་འཕར་སྣོན་དང་སྤྱི་ཚོགས་འགན་སྲུང་། སྲིད་དོན་ཕན་འབྲས་སོགས་ཁྱབ་ཁོངས་སུ་དུས་ཚིགས་དང་པོའི་རྒྱུགས་ལན་བཟང་བོ་སྤྲད་ཡོད།

ལས་ཞུགས་ཀྱི་ཐད་ནས་མདོ་ལ་རྫོང་གིས“1+10”ཡི་བྱ་བའི་འཆར་འགོད་བྱེད་ཐབས་སུ་བྱས་ཏེ། སྲིད་ཇུས་ཀྱིས་རོགས་སྐྱོར་དང་རྩལ་ནུས་འདོན་པ། གནད་འཁེལ་སྦྲེལ་མཐུད་ཀྱི་ཞབས་ཞུའི་མ་ལག་བཙུགས་ནས། གཙོ་གནད་ཁྱུ་ཚོགས་ཀྱི་སྒྲིག་སྲོལ་གཏན་འཁེལ་ཅན་དུ་འགྱུར་བར་དམིགས་ཏེ་ལས་རིགས་རྩལ་ནུས་གསོ་སྦྱོང་མི་ཐེངས200བྱས་པ་དང་། གསོ་སྦྱོང་གི་ཚད་ལྡན་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད། གཞི་གྲངས་ལས་མངོན་པ་ལྟར་ན། མདོ་ལ་རྫོང་གིས་མཁར་གྲོང་གི་ལས་ཞུགས་མི་སྣ་སོ་དྲུག་གསར་དུ་བསྣན་པ་དང་། མཁར་གྲོང་གི་ལས་ཞོར་ཐོ་འགོད་ཚད་བརྒྱ་ཆའི་གཅིག་དང་གྲངས་ཆུང་དགུ་གསུམ་དུ་ཚོད་འཛིན་བྱས་ཡོད། རོང་འབྲོག་ཁུལ་གྱི་ངལ་རྩོལ་པ907ལ་ལས་ཞུགས་བྱེད་དུ་བཅུག་པ་དང་། ཁྱིམ་གྱི་སྒོ་ཁ་ནས་ལས་ཞུགས་ཀྱི་སྟེགས་བུ་མུ་མཐུད་དུ་འདོན་སྤེལ་བྱེད་པར་ཤུགས་བསྣན་ཏེ། མང་ཚོགས་ཀྱི་ལས་གནས་བརྟན་པ་དང་ཡོང་འབབ་འཕར་སྣོན་ལ་སྔར་ལས་ཡིད་ཆེས་ཡོད་པར་གྱུར། ཟླ3པའི་ཚེས18ཉིན། མདོ་ལ་རྫོང་གིས་ད་དུང“དཔྱིད་རླུང་འགུལ་སྐྱོད”ཀྱི་ཆེད་དམིགས་ལས་མི་བསྡུ་བའི་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། ཁེ་ལས20ལྷག་གིས་ལས་གནས་ཡག་པོ་འདོན་སྤྲོད་བྱ་རྒྱུ་རེད། དེ་དང་ཆབས་ཅིག མདོ་ལ་རྫོང་གིས་དམངས་ཡོངས་འགན་སྲུང་ནང་ཞུགས་པའི་འཆར་གཞི་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། ཟབ་ཞུགས་བྱེད་ཚད་བརྒྱ་ཆའི་བརྒྱ་ལ་སྲུང་འཛིན་བྱེད་རྒྱུ་ཡིན་པ་མ་ཟད། སྤྱི་ཚོགས་འགན་སྲུང་གི་ཡོང་སྒོ་སྐབས་བསྟུན་ལེགས་སྒྲིག་དང་སྨན་བཅོས་ཀྱི་འགན་སྲུང་རྐྱེན་སྲོལ་གསུམ་འཐུས་ཚང་དུ་གཏོང་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།