ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས15ཉིན། ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུ་ཟི་ལིང་དུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། རང་ཞིང་གི་ལག་བསྟར་དོན་འཁྱོལ་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་གྱིས་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་དང་། མགོན་པོ་བཀྲ་ཤིས། ལིའུ་ཆི་ཧྥན། དབྱང་ཧྥེང་ཁྲུན་བཅས་ཀྱིས་སོ་སོར་འབྲེལ་ཡོད་དགོངས་དོན་བརྒྱུད་སྒྲོག་བྱས།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཐེངས་འདིའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་བསྒྲིལ་བ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་དུས་སུ་བསྡུས་པའི་དར་ཆ་མཐོར་སྒྲེང་དང་སེམས་ཤུགས་གཅིག་བསྡུས། དངོས་འཛིན་དངོས་གཉེར། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་གསུང་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་བ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་དང་དཔལ་འབྱོར་གྱི་མཉེན་གཤིས་ཇེ་དྲག དམངས་ཡོངས་ཐུན་མོང་ཕྱུག་འགྱུར་དང་། ཏང་བཅོས་སྐྱོང་དང་ཏང་དོ་དམ་ལ་སྐུལ་འདེད་གཏོང་བ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་བཀོད་སྒྲིག་གལ་ཆེན་བྱས་པ་དང་བླང་བྱ་གལ་ཆེན་བཏོན་པས། ང་ཚོས་བྱ་བ་སྣ་ཚོགས་ལེགས་པོར་སྒྲུབ་པ་དང་འཕེལ་རྒྱས་དམིགས་འབེན་བདེ་བླག་ངང་འགྲུབ་པར་སྤྱིའི་གཞི་འཛིན་ས་དང་ཤུགས་འདོན་ས་གཏན་འཁེལ་གསལ་བོ་བྱས། སྲིད་གཞུང་བྱ་བའི་སྙན་ཞུ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་སོགས་ཡིག་ཆ་གལ་ཆེན་གྱིས་ལོ་འཁོར་གྱི་ལས་འགན་ཡི་གེ་དང་མ་འོངས་ལོ་ལྔའི་རིང་གི་འཕེལ་རྒྱས་ཀྱི་འཆར་འགོད་ཇུས་གཞི་གཏན་འཁེལ་གསལ་བོ་བྱས་པར་བརྟེན། ང་ཚོས་འཕེལ་རྒྱས་ཀྱི་གནས་བབ་ལ་དམ་འཛིན་ནན་མོ་བྱེད་པ་དང་། རྒྱལ་ཁབ་ལ་ཅི་མཁོ་དང་མཚོ་སྔོན་གྱི་ཅི་ནུས་གཉིས་ཀྱི་ཟུང་འབྲེལ་གནས་ཡང་དག་སྒོས་བཙལ་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཐབ་ཇུས་བཀོད་སྒྲིག་དེ་གོམ་པ་རིམ་བགྲོད་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱས་ཏེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་གོ་བ་གཏིང་ཟབ་ལེན་པ་དང་། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་སྒྲུབ་པ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ཏུ་བསྟར་བ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ཧུར་ཐག་གིས་འཕེལ་རྒྱས་གཏོང་དགོས་ལ། རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཔེ་མཚོན་བསྐྲུན་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ། སྤྱི་བའི་ཞབས་ཞུའི་འདོན་སྤྲོད་ལེགས་སྒྱུར་བྱེད་པ་སོགས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ནས། བཅོས་སྒྱུར་གྱི་སྙིང་སྟོབས་དང་གསར་གཏོད་བསམ་ཕྱོགས་ལ་བརྟེན་ཅིང་། གནས་ཚུལ་གསར་བར་ཞིབ་འཇུག་དང་གནད་དོན་གསར་བ་བསྟུད་མར་ཐག་གཅོད་པའི་བརྒྱུད་རིམ་ཁྲོད་འཕེལ་རྒྱས་ལེགས་པོ་མངོན་འགྱུར་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་དགོས།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཐད་བྱས་རྗེས་གསར་བ་འཇོག་པ་དང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང2026ལོའི་བྱ་བ་གཙོ་བོའི་ལས་འགན་རྒྱུན་མཐུད་ཐུབ་པའི་ངང་འཕེལ་རྒྱས་གཏོང་བ་དེ་བྱེད་ཐབས་སུ་བརྩིས་ནས། སྤུས་ཚད་མཐོན་པོས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་ལག་བསྟར་བྱེད་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཀྲུང་གོའི་ཆུ་མཛོད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་རྒྱབ་སྐྱོར་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། ཐཱན་ཉུང་དང་བཙོག་འཕྲི། ལྗང་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་སྒོས་སྐུལ་འདེད་གཏོང་བ། དཔལ་འབྱོར་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཚོ་སྔོན་འདི་ཉིད་མཛེས་པའི་ཀྲུང་གོའི་མིང་བྱང་ལེགས་པོར་བསྒྱུར་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཐོལ་བརྒལ་གསར་བ་འབྱུང་བར་བྱེད་པ་དང་། གལ་ཆེ་བ་དམ་འཛིན་དང་གལ་མི་ཆེ་བ་ཟུར་འཇོག རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ལ་གཞིགས་ནས་ཐོན་ལས་ཀྱི་གནས་བཞི་བསྐྲུན་པར་སྐུལ་འདེད་གཏོང་བ། ཚྭ་མཚོའི་རྫས་འགྱུར་ཐོན་ལས་དང་ལྗང་གློག་ཐད་སྦྲེལ། རྩིས་གློག་མཉམ་འདྲེས། གནམ་དཔྱད་ལྟ་ཞིབ་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། ཐོན་སློབ་ཞིབ་སྤྱོད་མཉམ་འདྲེས་ཟབ་མོའི་གསར་གཏོད་མ་ལག་བསྐྲུན་པ་དང་། དུས་རབས་གསར་བའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་ཞབས་འདེགས་ཞུ་བ་དང་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་འཕེལ་རྒྱས་ཀྱི་རིམ་ནུས་མཐོར་འདེགས་གཏོང་བ། ཐོན་ལས་མུ་ཕྲེང་བསྲིངས་པ་དང་། སྒོ་འབྱེད་མཉམ་ལས་ཟབ་སྤེལ་བཅས་བྱས་ཏེ། ཐོན་ལས་སྔར་ལས་མང་པོའི་དགེ་མཚན་གསར་བ་དང་འཕར་སྣོན་གྱི་སྒུལ་ཤུགས་གསར་བ་བསྐྱེད་དགོས། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བའི་ཐད་རྒྱུགས་ལན་གསར་བ་སྤྲོད་པ་དང་། གསར་དར་གྲོང་རྡལ་ཅན་དང་གྲོང་གསེབ་ཕྱོགས་ཡོངས་དར་སྤེལ་གཉིས་གཅིག་འདོམས་བྱེད་པ། རྨང་གཞིའི་སྒྲིག་ཆས་བཀོད་སྒྲིག་དང་སྤྱིའི་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱེད་པ། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཐད་གནད་འཁེལ་ཇུས་འདོན་བྱེད་པ་དང་། ངལ་ལས་ཟོང་རྟགས་སྔར་ལས་མང་པོ་བསྐྲུན་པ་བཅས་བྱས་ནས། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྔར་ལས་སྐུལ་འདེད་གཏོང་དགོས། སློབ་གསོ་སྨན་བཅོས་དང་འགྲིམ་འགྲུལ་ཕྱི་སྐྱོད་སོགས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱེད་པ་དང་། རྒན་བཀུར་བྱིས་སྐྱོང་གི་ཞབས་ཞུ་ལེགས་སྒྱུར་བྱེད་པ། གཞི་རྩའི་སྤྱི་བའི་ཞབས་ཞུ་དང་སྤྱི་ཚོགས་འགན་སྲུང་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ་བཅས་བྱས་ཏེ། སེམས་ཤུགས་ཡོད་རྒུས་དམངས་འཚོའི་དངོས་དོན་ལེགས་པར་སྒྲུབ་དགོས། མི་རིགས་མཐུན་སྒྲིལ་བརྟན་བརླིང་ལ་སྐུལ་འདེད་གཏོང་བའི་ཐད་རྣམ་པ་གསར་བ་བཏོད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཡར་སྐུལ་བཅའ་ཁྲིམས་མཐའ་གཅིག་ཏུ་དོན་འཁྱོལ་ལེགས་པོ་བྱེད་པ། བསྐྱོད་པ་བཅུ་བྱེད་ཐབས་སུ་བརྩིས་ནས་འདུ་ཤེས་སྲ་བརྟན་དུ་གཏོང་བའི་བྱ་བ་ཞིབ་ཕྲའི་ངང་ལག་ཏུ་བསྟར་བར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ་དང་། རིགས་སོ་སོའི་འགྲོ་འོང་བརྗེ་རེས་མཉམ་འདྲེས་བཅས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་མཚོ་སྔོན་ལག་ལེན་ཟབ་སྤེལ་བྱེད་པ་དང་། འདུ་ཤེས་གསུམ་གྱི་སློབ་སྦྱོང་སློབ་གསོར་རྒྱུན་རྣམ་ཅན་གྱིས་སྐུལ་འདེད་བཏང་སྟེ། ཆོས་ལུགས་བྱ་བའི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བར་སྐུལ་འདེད་གཏོང་བའི་ཐད་དམིགས་ཚད་གསར་བ་འཛུགས་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་གོ་གནས་གཙོ་བོར་འཇོག་པ། དངོས་གཉེར་གཙོར་འཛིན་དང་དངོས་འབྲས་གཙོར་འཛིན་དེ་ཁྲིད་ཕྱོགས་གསལ་བོར་བརྩིས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པ་དང་། མི་དམངས་རིམ་ལྡན་ངང་ཆབ་སྲིད་བྱ་བར་ཞུགས་པ་བསྟུད་མར་རྒྱ་བསྐྱེད་པ། གྲོས་མོལ་དམངས་གཙོ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ་དང་། སྤུས་ཚད་མཐོ་བའི་སྒོ་ནས་གྲོང་ཁྱེར་དང་རྫོང་དང་ཞང་བཅས་ཀྱི་སྐབས་བརྗེས་ཡོངས་འགྲུབ་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལེགས་བཅོས་ཟབ་སྤེལ་བྱེད་པ་དང་། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ཏུ་བསྟར་བའི་སློབ་སྦྱོང་སློབ་གསོ་ནན་གྱིས་སྤེལ་ཏེ། ཏང་ཡོན་ལས་བྱེད་པས་དམངས་ཀྱི་ཆེད་དུ་སྲིད་འབྲས་བརྩོན་པ་དང་དངོས་གཉེར་ལ་བརྟེན་ནས་སྲིད་འབྲས་བརྩོན་པ་རྒྱུན་འཁྱོངས་བྱེད་པར་ཁྲིད་སྟོན་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་མྱུར་མོར་སློབ་སྦྱོང་དྲིལ་སྒྲོག་ལག་བསྟར་བཅས་ཀྱི་ཚ་རླབས་འཕྱུར་དུ་འཇུག་པ་དང་། ཏང་ཀྲུང་དབྱང་གིས་མ་འོངས་པའི་ལོ་ལྔ་དང་ད་ལོའི་བྱ་བའི་ཚན་རིག་གི་བཀོད་སྒྲིག་ཡང་དག་དམ་འཛིན་བྱེད་པ། མཚོ་སྔོན་གྱི་དངོས་ཡོད་དང་ཟུང་འབྲེལ་གྱིས་མིག་སྔའི་བྱ་བ་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བ་དམ་འཛིན་བྱེད་པ་དང་། རང་འགུལ་ཁག་ཁུར་དང་སྔོན་བསྐྱོད་ཤུགས་འདོན། སྤུས་འདེགས་ནུས་འཕར་བཅས་བྱས་ཏེ། དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་ཇེ་དྲག་ཏུ་གཏོང་བ། རྗེས་འདེད་སྐུལ་འདོམས་དང་མཐུན་སྦྱོར་སྐུལ་འདེད་ལ་ཤུགས་སྣོན་པ་དང་། དུས་ཚིགས་དང་པོའི་འགོ་ལེགས་པོར་རྩོམ་པར་ཁག་ཐེག་བཅས་བྱས་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ལེགས་པོར་རྩོམ་པ་དང་གོམ་སྟབས་བརྟན་པོ་སྤོ་བར་རྨང་གཞི་བརྟན་པོ་འདིང་དགོས་པའི་བླང་བྱ་བཏོན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།