《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ3པའི་ཚེས16ཉིན་པར་དུ་བསྐྲུན་པའིབདེན་འཚོལདུས་སྟེང་འདོན་ཐེངས་དྲུག་པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེརྒྱ་མཚོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོསཞེས་པ་སྤེལ།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། རང་རྒྱལ་གྱི་རྒྱ་མཚོའི་དཔལ་འབྱོར་འཐབ་ཇུས་དང་རྒྱ་མཚོའི་གསར་འབྱེད་ལོ་རྒྱུས་ཀྱི་རྒྱུན་རིང་། ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་ལ། ང་ཚོས་གོ་རིམ་ལྡན་པའི་ངང་རྒྱ་མཚོ་གསར་སྤེལ་དང་བེད་སྤྱོད་བྱས། བཅོས་སྒྱུར་སྒོ་འབྱེད་ཚུན་ལ། རང་རྒྱལ་གྱི་རྒྱ་མཚོའི་དཔལ་འབྱོར་དེ་མགྱོགས་མྱུར་འཕེལ་རྒྱས་ཀྱི་དུས་རིམ་དུ་བསྐྱོད་པ་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ཚེ། ངེས་པར་དུ་ནུས་མཐོ་སྒོས་རྒྱ་མཚོའི་དཔལ་འབྱོར་གསར་སྤེལ་བེད་སྤྱོད་བྱེད་དགོས་ལ། རྒྱ་མཚོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱ་མཚོའི་དཔལ་འབྱོར་སྟོབས་ལྡན་དུ་གཏོང་བའི་འཕེལ་རྒྱས་ལམ་བུར་བསྐྱོད་དགོས།

རྩོམ་ཡིག་ལས་བསྟན་དོན། བསམ་ཕྱོགས་ཆེ་ས་ནས་གསར་གཏོད་སྒུལ་ཤུགས་ལ་སྔར་ལས་དོ་སྣང་བྱེད་དགོས་པ་དང་། འགག་རྩའི་ལྟེ་བའི་ལག་རྩལ་མགྱོགས་མྱུར་ངང་ཐོད་བརྒལ་བྱས་ཏེ། རྒྱ་མཚོའི་ཚན་རྩལ་གྱི་ཆུ་ཚད་མཐོ་བའི་རང་སྟོབས་རང་སྤེལ་ལ་སྐུལ་འདེད་གཏོང་དགོས། ནུས་མཐོ་མཐུན་སྦྱོར་ལ་སྔར་ལས་དོ་སྣང་བྱེད་པ་དང་། སྐམ་མཚོ་གཅིག་འདོམས་དང་རི་ཆུ་མཉམ་འགུལ་རྒྱུན་འཁྱོངས་བྱས་ཏེ། མཐུན་སྦྱོར་འཕེལ་རྒྱས་ཀྱི་མཉམ་ཤུགས་ཇེ་དྲག་ཏུ་གཏོང་དགོས། ཐོན་ལས་གསར་སྒྱུར་ལ་སྔར་ལས་དོ་སྣང་བྱེད་པ་དང་། རྒྱ་མཚོའི་སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་ལ། ནུས་ཤུགས་ཡོད་རྒུས་རྒྱ་མཚོའི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བ། རྒྱ་མཚོའི་མ་འོངས་ཐོན་ལས་ཧུར་ཐག་གིས་སྐྱེད་སྲིང་བཅས་བྱས་ཏེ། དེང་རབས་རྒྱ་མཚོའི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་དགོས། མི་དང་རྒྱ་མཚོ་འཆམ་མཐུན་ཡོང་བར་སྔར་ལས་དོ་སྣང་བྱེད་པ་དང་། རྒྱ་མཚོའི་ཐོན་ཁུངས་གསར་སྤེལ་དང་སྲུང་སྐྱོབ་གཅིག་འདོམས་བྱེད་ཅིང་། རྒྱུན་མཐུད་ཐུབ་པའི་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་བྱས་ཏེ། མི་དང་རྒྱ་མཚོའི་མཉམ་འགུལ་ལེགས་ཤོས་ཀྱི་རྣམ་པ་གསར་བ་བསྐྲུན་དགོས། མཉམ་ལས་མཉམ་རྒྱལ་ལ་སྔར་ལས་དོ་སྣང་བྱེད་པ་དང་། རང་འགུལ་ངང་གོ་ལ་ཧྲིལ་བོའི་རྒྱ་མཚོའི་བཅོས་སྐྱོང་ཁྲོད་ཞུགས་ནས། རྒྱ་མཚོའི་ནུས་ཁུངས་དང་ཐོན་ཁུངས་མཉམ་དུ་ཞི་བདེའི་ངང་བེད་སྤྱོད་བྱེད་དགོས་ལ། རང་རྒྱལ་གྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས།

རྩོམ་ཡིག་ལས་བསྟན་དོན། བྱེ་བྲག་གི་བྱ་བའི་ཐད་གཙོ་བོ་ཕྱོགས་དྲུག་ནས་དམ་འཛིན་བྱེད་དགོས་པ་སྟེ། གཅིག་ནས་རྩེ་རིམ་ཇུས་འགོད་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་དགོས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་འཆར་གཞི་སྒྲིག་བཟོ་བྱེད་པ་དང་། ཐོན་ལས་དང་ཚན་རྩལ། ནོར་ཁྲལ། དངུལ་རྩ་སོགས་ཐད་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཚད་ཆེ་རུ་བཏང་ནས། སྤྱི་ཚོགས་ཀྱི་མ་རྩ་དེ་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁྲོད་ཞུགས་པར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས། གཉིས་ནས། རྒྱ་མཚོའི་ཚན་རྩལ་གྱི་རང་བདག་གསར་གཏོད་ནུས་པ་མཐོར་འདེགས་གཏོང་དགོས། རྒྱ་མཚོའི་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་ཇེ་དྲག་ཏུ་བཏང་སྟེ།  རྒྱ་མཚོའི་ཚན་རྩལ་སྣེ་ཁྲིད་ཁེ་ལས་དང་ཆེད་དམིགས་ཁེ་ལས་འབྲིང་ཆུང་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་དགོས། གསུམ་ནས་རྒྱ་མཚོའི་ཐོན་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས། མཚོ་ཐོག་གི་གློག་འདོན་སྒྲིག་ཆས་ཚད་ལྡན་དང་རིམ་ལྡན་ངང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་རྒྱ་མཚོའི་ཉ་འཛིན་ལས་རིགས་འཕེལ་རྒྱས་གཏོང་བ། རྒྱ་མཚོའི་སྐྱེ་དངོས་སྨན་རྫས་དང་སྐྱེ་དངོས་ཐོན་རྫས་ཧུར་ཐག་གིས་ཇེ་ལེགས་སུ་གཏོང་བ། རྒྱ་མཚོའི་ཁྱད་ལྡན་རིག་གནས་དང་ཡུལ་སྐོར་དམིགས་ས་བསྐྲུན་པ། གྲུ་གཟིངས་དང་རྒྱ་མཚོའི་བཟོ་སྐྲུན་སྒྲིག་ཆས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བ། གཞི་གྲངས་རྒྱ་མཚོ་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ཏེ། མཚོ་ཐོག་སྐྱེལ་འདྲེན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བཞི་ནས་མཚོ་ཁུགས་གཙོ་བོའི་སྤྱིའི་འཆར་འགོད་ལ་ཤུགས་སྣོན་དགོས། མཚོ་རྒྱུད་གྲུ་ཁ་ལེགས་སྒྱུར་བཀོད་སྒྲིག་ལ་རིམ་ལྡན་ངང་སྐུལ་འདེད་གཏོང་བ་དང་། གྲུ་ཁ་གཙོ་བོ་ལྗང་འགྱུར་ཅན་དང་གྲངས་རིག་ཅན་གྱི་ཚུལ་སྒྱུར་ལ་རྒྱབ་སྐྱོར་བྱེད་དགོས། ལྔ་ནས་རྒྱ་མཚོའི་སྐྱེ་དངོས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་དགོས། རྒྱ་མཚོའི་ཁོར་ཡུག་གི་ཉེན་ཁའི་འབྱུང་ཁུངས་འགོག་ཟོན་ལ་ཤུགས་སྣོན་པ་དང་། མཚོ་ཁོངས་གཙོ་བོའི་ཕྱོགས་བསྡུས་བཅོས་སྐྱོང་བསྟུད་མར་ལག་བསྟར་བྱས་ནས། མཚོ་ཁོངས་རིམ་དབྱེའི་ལངས་གཟུགས་བེད་སྤྱོད་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། རྒྱ་མཚོའི་ཐཱན་འདུས་བཤེར་རྩིས་བྱེད་དགོས། དྲུག་ནས་གོ་ལ་ཧྲིལ་བོའི་རྒྱ་མཚོའི་བཅོས་སྐྱོང་ཁྲོད་ཟབ་ཞུགས་བྱེད་དགོས། གོ་ལ་ཧྲིལ་བོའི་རྒྱ་མཚོའི་ཚན་ཞིབ་ཞིབ་བཤེར་དང་གནོད་འགོག་གནོད་སེལ། རྒྱ་མཚོའི་དཔལ་འབྱོར་མཉམ་ལས་བཅས་ལ་ཤུགས་བསྣན་ཏེ། རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་གྲུ་ཁའི་མཉམ་འབྲེལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་བཅས་འདུས་ཡོད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།