ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམངས་འཚོའི་རྨང་གཞི་ཇེ་བརྟན་དུ་བཏང་།

ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཡིན་པས། མི་དམངས་ལ་ཕན་བདེ་སྐྲུན་རྒྱུ་དེ་རྩ་བའི་རིན་ཐང་ལྟ་བར་འཛིན་པ་དང་། འཕེལ་རྒྱས་གྱི་གོ་རིམ་ཁྲོད་དམངས་འཚོ་འགན་ལེན་དང་ལེགས་བསྒྱུར་གཏོང་བའི་རྒྱུན་སྐྱོང་དགོས།  ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་བརྩམས་པའི་ལོ་ལ། དོ་མཉམ་རང་བཞིན་དང་སླེབས་ནུས་རང་བཞིན་ཆེ་བའི་སྲིད་ཇུས་བྱེད་ཐབས་སྐོར་ཞིག་གིས་ནུས་ཤུགས་བཏོན་ནས་དོན་ཐོག་ཏུ་འཁྱོལ་བར་བྱས།  ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བློ་སེམས་རྩེ་གཅིག་གིས་དམངས་འཚོའི་དངོས་དོན་ལེགས་པར་བསྒྲུབས་ཏེ།  དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་སྔར་ལས་མང་ཞིང་དྲང་སྙོམས་ཀྱི་སྒོ་ནས་དམངས་ཡོངས་ལ་ཕན་པར་བྱས། 

ད་ལོའི་དཔྱིད་ཀར། སྲང་ལམ་ཆེ་ཆུང་གང་སར་རྒྱུག་བཞིན་པའི་དྲ་འབོད་རླངས་འཁོར་གྱི་ཁ་ལོ་བ་དང་། ཟས་སྐྱེལ་བ་སོགས་ལས་ཞུགས་གསར་པའི་ཚོགས་སྤྱིའི་བློ་བདེ་པོ་བྱུང་ཡོད། ད་ལོར། ལས་ཞུགས་རྣམ་པ་གསར་པའི་མི་སྣའི་ལས་རིགས་རྨས་སྐྱོན་འགན་ལེན་དེ་ཚོད་ལྟའི་ཞིང་ཆེན17ནས་རྒྱལ་ཡོངས་སུ་ཁྱབ་གདལ་དུ་བཏང་ལ། མི་ལ་ལས་ད་དུང་སྤྱི་ཚོགས་འགན་བཅོལ་དང་སྡོད་ཁང་སོགས་ཀྱི་འགན་ལེན་ལོངས་སུ་སྤྱོད་བཞིན་ཡོད། 

ཟས་སྐྱེལ་བ་ཅ་ཡ་ཚན་གྱིས་བཤད་རྒྱུར། ལོ་སར་གྱི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆེད་དུ་ང་ཚོར་གཟིགས་ཞིབ་ཏུ་ཕེབས་ནས་ང་ཚོའི་བྱ་བ་དང་འཚོ་བའི་གནས་ཚུལ་དྲིས་པས། ངས་ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་ཐུགས་ཁུར་དང་མཐོང་ཆེན་གནང་བཞིན་པ་ཚོར།  ད་ལྟ་ང་ཚོས་ཀྱང་འགན་བཅོལ་ལོངས་སུ་སྤྱོད་ཐུབ།  ང་ད་དུང་ཟས་སྐྱེལ་པའི་ལས་ཤག་ཏུ་བསྡད་པ་དང་། ངས་འབད་པ་བྱས་ནས་གྲོང་ཁྱེར་གྱི་འཁོར་སྐྱོད་ལ་སྔར་ལས་ལེགས་པའི་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ་ཡིན། 

མང་ཚོགས་ཉེ་འགྲམ་གྱི་བྱ་བ་དང་། བྲེལ་དཀའ་ཁྲལ་སྒུག་གི་བྱ་བ་ནི་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ལ་བཅངས་པའི་རྒྱལ་ཁབ་ཀྱི་དོན་ཆེན་རེད། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། གནས་བབ་གསར་པའི་འོག་མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་རེ་སྒུག་གསར་པ་དང་དམངས་འཚོའི་བྱ་བའི་ཁྱད་ཆོས་གསར་པར་རྒྱུས་ལོན་བྱས་ཏེ། སྤུས་ཚད་མཐོ་བའི་ལས་ཞུགས་ཇི་ལྟར་མངོན་འགྱུར་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མིའི་ཡོང་འབབ་ཇི་ལྟར་ཇེ་མང་དུ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་འགན་སྲུང་ཆུ་ཚད་ཇི་ལྟར་མཐོ་རུ་གཏོང་བ་སོགས་ཀྱི་དཔྱད་གཞིར་རང་འགུལ་སྒོས་གསལ་འགྲེལ་བྱས་ཏེ། དམངས་ཡོངས་ཐུན་མོང་ཕྱུག་འགྱུར་གྱི་བྱེད་ཐབས་ནུས་ལྡན་འཚོལ་ཞིབ་བྱ་དགོས། 《“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་རྩ་གནད》ལས་མི་དམངས་བླ་ན་མེད་པའི་རིན་ཐང་ལྟ་བ་དམ་འཛིན་ལེགས་པོ་བྱས་ཡོད། དམིགས་ཚད་གཙོ་བོ20ཡི་ཁྲོད་དམངས་འཚོའི་ཕན་བདེ་རིགས་ཀྱི་དམིགས་ཚད་ཀྱིས་བཟུང་བའི་བསྡུར་ཚད་ཆེས་མཐོ་ལ། དམངས་འཚོའི་འགན་ལེན་དེ“ཡོད་པ”ནས“ཕུལ་བྱུང”དུ་རིམ་སྤོར་བྱ་རྒྱུར་ཁྲིད་སྟོན་བྱས།  བཟོ་སྐྲུན་དང་རྣམ་གྲངས་གལ་ཆེན109ཡིས་དངོས་པོར་མ་དངུལ་འཇོག་པ་དང་མི་ལ་མ་དངུལ་འཇོག་པ་ཟུང་འབྲེལ་དམ་པོ་བྱེད་པར་མཐོང་ཆེན་བྱས་ཡོད། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་དམིགས་ཏེ། ཚོར་ཐུབ་ཅིང་སྙེག་ཐུབ་པའི་དམངས་འཚོའི་བཟོ་སྐྲུན་སྐོར་ཞིག་ལག་བསྟར་བྱས། 

རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ལིའུ་ཞུས་ཀྱིས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཇུས་འགོད་བྱེད་སྐབས། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱས་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་རེ་སྨོན་དེ་འབད་འཐབ་དམིགས་འབེན་དུ་བཟུང་ཡོད།  གནད་དོན་ཕྱོགས་སྟོན་སྔར་བས་གནད་ལ་ཁེལ་བ་དང་། ལམ་ལུགས་ཇུས་འགོད་ལ་སྔར་བས་མ་ལག་ལྡན་ལ། ཚད་མཐའ་འགན་ལེན་སྔར་བས་བརྟན་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམངས་འཚོའི་རྨང་གཞི་གང་ལེགས་སྒོས་མངོན་ཡོད།

དམངས་ཀྱི་རེ་སྒུག་ནི་སྲིད་ཇུས་ཀྱི་ཁ་ཕྱོགས་ཡིན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་བརྩམས་པའི་ལོར། དམངས་འཚོའི་བྱེད་ཐབས་གསར་པ་རབ་དང་རིམ་པ་བཏོན་ནས་ཕན་འབྲས་གལ་ཆེན་བླངས། ཀྲུང་དབྱང་ནོར་སྲིད་ཀྱིས་དམངས་འཚོའི་ཁྱབ་ཁོངས་སུ་མ་དངུལ་འཇོག་ཤུགས་བསྟུད་མར་ཆེ་རུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོའི་མ་དངུལ་གྱི་ཟླ་རེའི་ཆེས་དམའ་བའི་ཚད་གཞི་དང་སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་གྱི་མི་རེའི་ཆ་སྙོམས་ཀྱི་ནོར་སྲིད་ཁ་གསབ་ཚད་གཞི་མུ་མཐུད་ནས་མཐོ་རུ་བཏང་། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་བཞི་ཐེར་འབུམ་གཅིག་སྔོན་ལ་གཤམ་སྤྲོད་བྱས་ནས་དམངས་འཚོའི་ཚད་མཐའ་དོན་དམ་པས་སྲུང་། རྒྱལ་ཁབ་ཀྱིས་གནད་ཁེལ་ཤུགས་འདོན་དང་སྔོན་ལ་ཇུས་འདོན། དུས་ཡུན་ཤིན་ཏུ་རིང་བའི་དམིགས་བསལ་གྱི་རྒྱལ་བུན་མ་དངུལ་བཀོད་སྒྲིག་དང་། འཛད་སྤྱོད་དངོས་རྫས་ཀྱི་རྙིང་ཚབ་གསར་བརྗེའི་ཁ་གསབ་རིགས་སྣ་ཇེ་མང་དུ་བཏང་སྟེ། རྒན་གསོ་ལས་ཁུངས་ཀྱི་སྒྲིག་བཀོད་གསར་སྒྱུར་དང་གཞིས་ཁུལ་གསར་རྙིང་སྐོར་ཞིག་སྒྱུར་བཀོད་བྱེད་པ་དང་། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བར་ཤུགས་བསྣན། ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན། ད་ལོར། རྒྱལ་ཁབ་ཀྱིས་ལས་ཞུགས་མཛའ་མཐུན་ཅན་གྱི་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་སྒོས་བསྐྲུན་པ་དང་། གྲངས་འཛིན་དཔལ་འབྱོར་དང་བཟོ་སྐྲུན་རྩེ་གྲ། དེང་རབས་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་ལས་ཞུགས་སྦས་ཤུགས་སྔོག་འདོན་བྱས་ཏེ།  སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་བཏང་། “2026ལོའི་དཔྱིད་རླུང་འགུལ་སྐྱོད”སྤེལ་ནས་ཟླ་བ་གཉིས་ལྷག་འགོར་བའི་རིང་། དཔྱིད་གསར་ལས་བསྡུ་བྱེད་སྒོ་ཉིས་ཁྲི་ལྷག་སྤེལ་ནས་ལས་རྐང་བྱེ་བ་གཅིག་དང་ས་ཡ་གསུམ་ལྷག་མཁོ་འདོན་བྱས།  མི་གྲངས་རྒན་གྲས་ཅན་དུ་འགྱུར་བར་ཁ་གཏད་ནས་ད་ལོར་ས་གནས་སོ་སོས་སྤྱི་པའི་སྒྲིག་བཀོད་རྒན་པར་འཚམ་པ་དང་འགོག་རྐྱེན་མེད་པའི་སྒྱུར་བཀོད་བྱེད་ཤུགས་ཇེ་མགྱོགས་སུ་བཏང་སྟེ། སྡེ་ཁུལ་དུ་ཟ་མ་དང་ལུས་འཁྲུ།  སྨན་བཅོས་སོགས་ཀྱི་རོགས་རམ་ཞབས་ཞུ་ཡོད་པར་བྱས། 

ནུས་པ་ཤོར་བའི་རྒན་པས་ཟླ་རེར་རྒན་གསོའི་འཛད་སྤྱོད་གསབ་དངུལ་སྒོར800བླངས་ཆོག་པ་དང་། ཁ་གསབ་དེ་རྒན་པའི་འགྲོ་འོང་ས་གནས་ལྟར་ཞིང་ཆེན་བརྒལ་ནས་གཉེར་ན་དེ་བས་སྟབས་བདེ་ཡིན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་། རྒྱལ་ཁབ་ཀྱིས་གཞུང་གཉེར་རྒན་གསོ་ལས་ཁུངས2000ལ་སྒྱུར་བཀོད་རིམ་སྤོར་བྱས་ནས་རྫོང་དང་། ཞང་། སྡེ་བ་བཅས་རིམ་པ་གསུམ་གྱི་རྒན་གསོ་ཞབས་ཞུའི་དྲ་རྒྱ་བསྐྲུན་རྒྱུ་རེད། བུ་བཙའི་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། ཁྱིམ་དུ་ལོ0ནས3བར་གྱི་བྱིས་པ་ཡོད་པའི་ཁྱིམ་ཚང་གིས་ད་ལོར་ལོ་རེར་སྒོར3600ཡི་བྱིས་པ་གསོ་བའི་ཁ་གསབ་བླངས་ཆོག དཔྱིད་དུས་ཀྱི་སློབ་སྐབས་སུ། སྔོན་གྱི་ལོ་གཅིག་གི་སློབ་ཡོན་མི་དགོས་པའི་སློབ་གསོ་མུ་མཐུད་དུ་ལག་བསྟར་བྱ་རྒྱུ་དང་། རྒྱལ་ཡོངས་སུ་ཀུན་ཕན་བཅོལ་གནས་ཆིག་འབུམ་ལྔ་ཁྲི་གསར་འཕར་བྱུང་ནས། བུ་བཙའི་གསོ་སྐྱོང་གི་ཁུར་པོ་དངོས་གནས་ཇེ་ཡང་དུ་གཏོང་རྒྱུ་རེད།

བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། ད་ལོར“སྲོག་སྐྱོབ་སྨན་རྫས”རིགས114སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་ཁྱབ་ཁོངས་ནང་བཅུག་པ་དང་། ཞིང་ཆེན་དང་གྲོང་ཁྱེར་སྔར་ལས་མང་བས་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཁྲའི་ཞིང་ཆེན་བརྒལ་ནས་མཉམ་སྤྱོད་བྱེད་པ་མངོན་འགྱུར་བྱུང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་། རྒྱལ་ཡོངས་སུ་དམ་ཟབ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་ཚོགས་པ1000བསྐྲུན་ནས། མང་ཚོགས་སྔར་ལས་མང་བས་སྒོ་འགྲམ་དུ“ནད་ལ་ལྟ་ཐུབ་པ་དང་ནད་ཡག་པོ་བཅོས་ཐུབ་པར”བྱ་རྒྱུ་ཡིན་པ་དང་། མཐོ་རིམ་སློབ་འབྲིང་དཀྱུས་མ1000གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱེད་པ་ནས་གཞི་ཁྱོན་ཆེ་བའི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་པའི་བར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཇེ་མང་དུ་གཏོང་བ་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་ཁག81རྒྱུན་སྡོད་མི་འབོར་ལ་ཁྱབ་པའི་བར་སོགས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་། དམངས་འཚོའི་ཕན་བདེ་སྔར་ལས་མང་བ་དོན་འཁྱོལ་ཐུབ་རྒྱུ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམངས་འཚོའི་རྨང་གཞི་ཇེ་བརྟན་དུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་དུ་ཇེ་མཐོར་གཏོང་རྒྱུ་རེད། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།