ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཞིང་ཆེན་སློབ་གསོ་ཐིང་དང་མཉམ་འབྲེལ་བྱས་ནས2026ལོའི་མཐོ་རིམ་མཐར་ཕྱིན་སློབ་མའི་ཚོགས་སྒྲིག་རྣམ་པའི་ལས་ཞུགས་ལས་གཏོད་བྱ་བ་ཕྱོགས་ཡོངས་ནས་འགོ་བརྩམས་པ་དང་། ཁུལ་ཁོངས་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་བ་དང་གོ་རིམ་ཧྲིལ་བོའི་འགན་སྲུང་ཇེ་དྲག་ཏུ་གཏོང་བ། དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་སྣོན་པ་སོགས་གནད་འགག་ལས་རིམ་གསུམ་བརྒྱུད་དེ་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ཐབས་ལམ་སྔར་ལས་རྒྱ་བསྐྱེད་ནས་མཐོ་རིམ་མཐར་ཕྱིན་སློབ་མ་སྔར་ལས་མང་པོ་ཞིང་ཆེན་ཕྱི་རུ་སོང་ནས་དངོས་སྦྱོང་ལྟ་སྦྱོང་དང་གསོ་སྦྱོང་ལས་ཞུགས་བྱེད་པར་སྐུལ་འདེད་བཏང་།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་མཐོ་རིམ་མཐར་ཕྱིན་སློབ་མའི་ཚོགས་སྒྲིག་རྣམ་པའི་ལས་ཞུགས་ལས་གཏོད་ཀྱིས་ཤར་ནུབ་རྒྱུད་རོགས་ལས་ཞིང་ཆེན་དང་གྲོང་ཁྱེར། མཚོ་སྔོན་ལ་ཁ་གཏོད་རོགས་སྐྱོར་བྱེད་པའི་ས་ཁུལ། རྨ་ཆུའི་བཞུར་རྒྱུད་ཀྱི་མཉམ་ལས་ཞིང་ཆེན། དེ་བཞིན་ཁྱིམ་མཚེས་ས་ཁུལ་བཅས་བར་གྱི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས་ཚོགས་སྒྲིག་རྣམ་པའི་ལས་ཞུགས་ལས་གཏོད་མཐུན་སྦྱོར་ནང་རྐྱེན་འཐུས་ཚང་དུ་གཏོང་རྒྱུ་རེད། ཞིང་ཆེན་རིམ་པ་ནས་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་བསྣན་ཏེ་ཅང་སུའུ་ཞིང་ཆེན་སོགས་མཐུན་སྦྱོར་རོགས་ལས་ས་ཁུལ་བར་གྱི་ངལ་ལས་མཐུན་སྦྱོར་བྱེད་ནུས་སྲ་བརྟན་དུ་བཏང་ནས་དུས་བཅད་ལྟར་འཇོན་མི་དང་ལས་གནས་ཆ་འཕྲིན་མཁོ་སྤྲོད་བྱེད་རྒྱུ་རེད། ས་ཁུལ་སོ་སོ་དང་མཐོ་རིམ་སློབ་གྲྭ་སོ་སོས་རང་རྟོགས་སྒོས་ཞིང་ཆེན་གཞན་པའི་ཐོན་ལས་གླིང་ཁུལ་གཙོ་བོ་དང་སྣེ་ཁྲིད་ཁེ་ལས། མི་བཀོལ་སྡེ་ཁག་བཅས་དང་སྦྲེལ་མཐུད་བྱས་ཏེ་སྤུས་ལེགས་ལས་གནས་ལ་རྒྱུས་ལོན་དང་གནད་འཁེལ་འཚོལ་བསྡུ་བྱེད་པ་དང་། ཆེད་དོན་མི་བསྡུའི་བྱ་འགུལ་དང་ཁེ་ལས་ཀྱི་སྒྲོག་འགྲེལ། ཡུལ་དངོས་རྟོག་ཞིབ་སོགས་ཞིང་ཆེན་ཕྱི་རུ་ལས་ཞུགས་བྱེད་པ་དང་འཇོན་མི་ནང་འདྲེན་ཟུང་འབྲེལ་བྱེད་པའི་བྱེད་ཐབས་བརྒྱུད་དེ་མི་སྣ་དང་ལས་གནས་གནད་འཁེལ་སྙོམས་སྒྲིག་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད།
རང་ཞིང་གིས་སློབ་མཐར་ཕྱིན་ནས་ལོ་གཉིས་ཀྱི་ནང་ལས་ཞུགས་བྱས་མེད་པའི་མཐོ་རིམ་མཐར་ཕྱིན་སློབ་མ་དང2026ལོའི་མཐར་ཕྱིན་སློབ་མའི་ཆེད་ལས་དང་རྩལ་ནུས། ལས་ཞུགས་འདོན་བློ་བཅས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་ཏེ་མི་གཅིག་ལ་ཐབས་ཇུས་གཅིག་གི་དགོས་མཁོའི་གསལ་ཐོ་འཛུགས་རྒྱུ་ཡིན་པ་དང་། མཐུན་སྦྱོར་མཉམ་ལས་ས་ཁུལ་གྱི་ཁེ་ལས་དང་གསོ་སྦྱོང་སྡེ་ཁག་བར་མཉམ་འབྲེལ་བྱས་ཏེ་དམིགས་འབེན་ལས་གནས་ལ་དམིགས་ནས་མངག་ཐོའི་རྣམ་པ་དང་ཁ་ཕྱོགས་གཏན་འཁེལ་རྣམ་པའི་རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་སྔོན་གྱི་གསོ་སྦྱོང་བྱེད་སྒོ་སྤེལ་རྒྱུ་རེད། ཚོང་གཉེར་རྣམ་པའི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་དང་ངལ་ལས་བར་ཁེ་བ་ཞུགས་པར་སྐུལ་སློང་བྱས་ནས་ལས་རིགས་འཚམས་སྦྱོར་ཁ་གསབ་དོན་འཁྱོལ་བྱེད་རྒྱུ་ཡིན་པ་དང་། ཐོག་མའི་བཀོད་སྒྲིག་སོགས་ཞབས་ཞུ་ཇེ་ལེགས་སུ་བཏང་ནས་འཇོན་མི་ནང་འདྲེན་ས་ཁུལ་དུ་ལས་ཞུགས་ཞབས་ཞུའི་ས་ཚིགས་བཙུགས་ཏེ་ཆེད་མིས་རྗེས་འདེད་བྱེད་རྒྱུ་རེད། དུས་བཅད་འཚམས་འདྲིའི་རྐྱེན་སྲོལ་བཙུགས་ཏེ་དུས་ཐོག་ཏུ་གླ་ཕོགས་དང་ཁེ་དབང་སྲུང་སྐྱོབ། འཚོ་བ་སོགས་ཀྱི་གནད་དོན་མཐུན་སྦྱོར་ཐག་གཅོད་བྱས་ནས་མཐར་ཕྱིན་སློབ་མ་ཞིང་ཆེན་ཕྱི་རུ་སོང་ནས་ལས་ཞུགས་བྱེད་པ་དང་འཕེལ་རྒྱས་བཟང་བོ་ཡོང་བར་འགན་སྲུང་བྱེད་རྒྱུ་རེད།
དེ་དང་མཉམ་དུ། བྱེད་ཐབས་མང་པོ་བརྒྱུད་དེ་ཞིང་ཆེན་བརྒལ་ནས་ལས་ཞུགས་བྱེད་པའི་ཐད་ཀྱི་རོགས་སྐྱོར་སྲིད་ཇུས་དང་། ལེགས་འགྲུབ་བྱུང་བའི་དཔེ་གཞི་དང་འཕེལ་རྒྱས་ཀྱི་མདུན་ལྗོངས་དྲིལ་སྒྲོག་བྱས་ཏེ་མཐར་ཕྱིན་སློབ་མ་ཞིང་ཆེན་ཕྱི་རུ་སོང་ནས་ལས་ཞུགས་བྱེད་པའི་སྣང་ཚུལ་བསྐྲུན་རྒྱུ་ཡིན་པ་དང་། མཐོ་རིམ་སློབ་གྲྭ་སོ་སོས་ཞིང་ཆེན་ཕྱི་རུ་སོང་ནས་ལས་ཞུགས་བྱེད་པར་སྐུལ་སློང་བྱེད་རྒྱུ་དེ་ལས་རིགས་སློབ་གསོའི་ཁྱབ་ཁོངས་སུ་བཞུག་ནས་བརྗོད་དོན་འཛིན་གྲྭའི་ཚོགས་འདུ་དང་དྲ་ལམ་འཆད་ཁྲིད། བརྙན་ཐུང་དངོས་བྲིས་སོགས་བྱེད་ཐབས་བརྒྱུད་དེ་མཐར་ཕྱིན་སློབ་མའི་ལས་ཞུགས་འདུ་ཤེས་བསྒྱུར་བར་ཁྲིད་སྟོན་བྱས་ནས་མཐར་ཕྱིན་སློབ་མ་རྣམས་ཞིང་ཆེན་ཕྱི་རུ་སོང་ནས་བྱས་རྗེས་འཇོག་པའི་ལས་ཞུགས་འདུ་ཤེས་ཆགས་པར་བྱེད་རྒྱུ་རེད།